རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་མཇུག་འགྲིལ་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་སྐབས་ནུས་ཤུགས་དེ་བས་ཆེ་བ་དང་བྱ་ཐབས་དེ་བས་ནན་པའི་ཐོག་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་ཡོད། ལྗོངས་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་ཀའི་གཙོ་ཤུགས་དམག་ཡིན་པའི་རང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱི་ལས་བྱེད་པ་དང་ལས་བཟོས་སྣོད་བཅུད་བཅོས་སྐྱོང་ནི་བྱས་རྗེས་དེང་འདིར་འཇོག་པ་དང་ཕན་འབྲས་བསྐལ་བརྒྱར་ཐོན་པའི་བྱ་བ་ཞིག་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནི་རང་རེའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་བརྒྱུད་རིམ་ཁྲོད་ཀྱི་མཛད་རྗེས་རྡོ་རིང་ཞིག་ཡིན་པ་དང་དེས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད་ཅེས་མགྲིན་གཅིག་ཏུ་བཤད་པ་རེད། 2018ལོར་རང་ལྗོངས་ཀྱིས་ཁོར་ཡུག་སྲུང་སྐྱོང་ལས་དོན་སྤེལ་སྐབས་ནུས་ཤུགས་དེ་བས་ཆེ་བ་དང་བྱ་ཐབས་དེ་བས་ནན་པའི་ཐོག་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ“འཛམ་གླིང་ཐོག་གི་དག་ཞིང་མཐའ་མར”སྲུང་སྐྱོང་ཧུར་ཐག་བྱས་ནས་བོད་ཀྱི་ནམ་མཁའ་སྔར་ལས་དྭངས་བ་དང་། རི་བོ་སྔར་ལས་སྔོ་བ། ཆུ་མོ་སྔར་ལས་དྭངས་བ། ཁོར་ཡུག་སྔར་ལས་མཛེས་པ་བཅས་ཡོང་བ་བྱ་རྒྱུ་ཡིན་པ་རེད།
ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས“སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་མེས་རྒྱལ་གྱི་ས་གཞི་ཆེ་མོར་གང་ལེགས་མངོན་པར་བྱེད་དགོས”ཞེས་གསུངས་ཡོད། དེས་ན་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གི་ཏང་ཙུའི་ཧྲུའུ་ཅི་ཧུའུ་ཝུའེ་མིན་གྱིས“ང་ཚོས་ནུས་ཤུགས་དེ་བས་ཆེ་བ་དང་། བྱ་ཐབས་དེ་བས་ཏན་ཏིག་གིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ་ལྗང་མདོག་གི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་གང་མགྱོགས་ཆགས་པར་བྱས་ནས་མངོན་གསལ་དོད་པའི་ཁོར་ཡུག་གི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས”ཞེས་གསུངས།
གསར་འགོད་པར་ཤེས་རྟོགས་བྱུང་གསལ། 2018ལོར་རང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱིས་རླུང་ཁམས་ཆེ་མོའི་སྦགས་བཙོག་འགོག་བཅོས་ཀྱི་ལག་བསྟར་ཇུས་གཞི་བཟོས་ནས་ལག་ལེན་བསྟར་ཏེ་དྲི་ངན་གསོ་རླུང(03)འགོག་བཅོས་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་དང་། དྲོད་མཁོ་འདོན་ཚད་ཏུན་10དང་དེ་མན་གྱི་རྡོ་སོལ་གྱི་ཁྲོ་ཐབ་ཆུང་གྲས་ཕྱོགས་ཡོངས་ནས་མེད་པར་བཟོ་རྒྱུ། འཕྲུལ་སྒུལ་འཁོར་རིགས་འགུལ་སྐྱོད་ཀྱི་སྦགས་བཙོག་བཅོས་སྒྲིག་དང་འཁོར་རིགས་རྙིང་པ་མེད་པར་བཟོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད། ཨར་སྐྲུན་བྱ་ཡུལ་གྱི་ཐལ་རྡུལ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་རྒྱུ་དང་། ཆུའི་སྦགས་བཙོག་འགོག་བཅོས་ཀྱི་འཆར་གཞི་དང་རང་སྐྱོང་ལྗོངས་ཀྱི་ལས་ཀའི་ཇུས་གཞི་དོན་འཁྱོལ་བྱས་ཏེ་རྫོང་རིམ་པ་ཡན་གྱི་གྲོང་ཁྱེར་གྱི་འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་ཁུལ་དབྱེ་མཚམས་གཅོད་པར་སྐུལ་འདེད་བཏང་ནས་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་གྲལ་བཤེར་བྱ་རྒྱུ། ས་རྒྱུའི་སྦགས་བཙོག་གནས་ཚུལ་ལ་ཞིབ་བཤེར་ཞིབ་ཚགས་མགྱོགས་པོ་བྱས་ནས་ས་རྒྱུའི་སྦགས་བཙོག་བཅོས་སྒྲིག་དང་ཉམས་གསོར་སྐུལ་འདེད་གཏོང་བ་དང་ལྕི་བའི་ལྕགས་རིགས་ཀྱི་ལས་རིགས་དང་འབྲེལ་བ་ཡོད་པའི་ཁེ་ལས་གྲལ་བཤེར་དང་ཞ་ཉེ་དང་། ཏི་ཚ། ཟངས་བཅས་སྔོག་འདེམས་ཀྱི་གཅིག་སྡུད་ས་ཁོངས་ལ་ཕྱོགས་བསྡུས་བཅོས་སྒྲིག་བྱ་རྒྱུ་ཡིན་པ་རེད།
འདི་ལོ་རང་ལྗོངས་ཀྱིས་སྔར་བཞིན་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་ཉམས་གསོའི་ལས་ཀར་རྒྱུན་མཐུད་ཤུགས་སྣོན་རྒྱག་རྒྱུ་ཡིན་པ་རེད། འབྲེལ་ཡོད་འཕེལ་རིམ་ལྟར་ན། རང་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱས་ཏེ་2018ལོའི་ལོ་མཇུག་གོང་སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་འབྱེད་པའི་ལས་དོན་ཁྱོན་ཡོངས་ནས་ཚར་བའི་བརྩོན་ལེན་བྱེད་པ་དང་། བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་བསྐྲུན་པའི་འཆར་གཞིར་བཟོ་བཅོས་རྒྱག་རྒྱུར་སྐུལ་འདེད་བཏང་སྟེ་ལས་འགན་དག་ཁག་བགོས་དང་དོན་འཁྱོལ་བྱ་རྒྱུ་ཡིན་པ་རེད། “ཕུབ་ལྗང་2018”ལོའི་ཆེད་དོན་བྱ་སྤྱོད་སྤེལ་ནས་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ནས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དང་སྣོད་བཅུད་ཤེས་དཔལ་དཔེ་སྟོན་གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
དེ་དང་ཆབས་ཅིག ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་གནད་དོན་དག་ཐེར་ལ་མུ་མཐུད་དམ་འཛིན་བྱ་རྒྱུ་ཡིན་ཞིང་། ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་རང་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་ཏེ་ཕྱོགས་3ཐད་ཀྱི་གནད་དོན་45བཏོན་ཡོད། རང་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་ཀའི་གཙོ་ཤུགས་དམག་ཡིན་པའི་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གིས་ཐིང་ཡོངས་ཀྱི་ལས་བྱེད་ལས་བཟོར་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་སྣེ་ཁྲིད་ཀྱི་ནུས་པ་བཏོན་ནས་རང་འགུལ་ངང་ལས་འགན་ཕྲག་ཏུ་འཁུར་བ་དང་མི་སྒུག་པ་དང་མི་རྟེན་པར་དག་ཐེར་ལ་དམ་འཛིན་ཡག་པོ་བྱེད་དགོས། རང་སྐྱོང་ལྗོངས་རིམ་པའི་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་སྒྲིག་འཛུགས་ཡག་པོ་བྱས་ནས་རང་སྐྱོང་ལྗོངས་རིམ་པའི་ལྟ་བཤེར་ཁྱོན་ཡོངས་ལ་ཁྱབ་པའི་ལས་འགན་ལེགས་སྒྲུབ་བྱེད་དགོས། རང་སྐྱོང་ལྗོངས་ཁོར་ཡུག་ལྟ་བཤེར་གཞུང་དོན་ཁང་གི་ལས་དོན་མི་སྣ་གང་མགྱོགས་བཀོད་སྒྲིག་ཡག་པོ་བྱེད་དགོས། 2017ལོའི་ཁོར་ཡུག་སྲུང་སྐྱོང་དམིགས་ཚད་ལེགས་གྲུབ་ཇི་འདྲ་བྱུང་མིན་གྱི་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོང་གི་དུས་རབས་བྱ་སྤྱོད་ཀྱི་གྲོས་ཞིབ་བསམ་འཆར་དང་གནད་དོན་དག་ཐེར་ཡག་པོ་ཡོང་བ་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད།