དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ཀྱི་ལས་བྱེད་མང་ཚོགས་ཀྱིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་དགོས་པའི་ཐད་གྲོས་བསྡུར་འཁྲུག་པོ་བྱས་ཏེ་མཛེས་པའི་བོད་ལྗོངས་དེ་བས་དྭངས་ཤིང་གཙང་བ་ཡོང་བར་བྱེད་དགོས་ཞེས་བརྗོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2018-03-16

     2017ལོར་ལྷ་ས་གྲོང་ཁྱེར་གྱི་ཁོར་ཡུག་གི་མཁའ་རླུང་སྤུས་ཚད་ལ་གོ་ཆོད་ལྟ་ཞིབ་ཚད་ལེན་བྱས་པའི་ཉིན་གྲངས་365ཡིན་པར་སྤུས་ཀ་ལེགས་ཚད་98.9%ཟིན་ནས་རྒྱལ་ཡོངས་ཀྱི་གཙོ་གནད་གྲོང་ཁྱེར་74ཡི་ནང་ནས་ཨང་གཉིས་པར་སླེབས་ཡོད། བོད་ལྗོངས་ས་མཐོའི་སྣོད་བཅུད་མ་ལག་ཧྲིལ་པོ་བརྟན་པོ་ཡོད་པ་དང་། སྣོད་བཅུད་བདེ་འཇགས་སྲུང་ཡོལ་རྒྱུན་འཁྱོངས་ནུས་ལྡན་ཐུབ་ནས་བོད་སྔར་བཞིན་གོ་ལ་ཧྲིལ་པོའི་ཆེས་དྭངས་གཙང་ས་ཁུལ་གྱི་གྲས་ཤིག་རེད།

    རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་སྔོ་ཞིང་དྭངས་བའི་རི་ཆུ་དང་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ཏེ་ལྗང་མདོག་ཐཱན་ཉུང་གི་འཚོ་བའི་འདུ་ཤེས་དར་སྤེལ་གཏོང་བ་དང་། སྣོད་བཅུད་ཁོར་ཡུག་ལ་རང་ཉིད་ནས་འགོ་བཙུགས་ཏེ་སྲུང་སྐྱོང་དང་བྱ་བ་ཆུང་ཙག་ནས་འགོ་བཙུགས་ཏེ་སྲུང་སྐྱོང་མཐའ་འཁྱོངས་བྱས་ཏེ་ས་མཐོའི་རྩྭ་དང་རྩི་ཤིང་རེ་རེ་དང་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཏན་ཏིག་བྱས་ཐོག་མཛེས་སྡུག་ལྡན་པའི་བོད་ལྗོངས་དེ་བས་སྣོད་བཅུད་བཟང་བ་དང་དེ་བས་དྭངས་གཙང་ཡོང་བར་བྱེད་དགོས་ཞེས་བརྗོད།

    ནག་ཆུ་ནི“རྒྱལ་ཡོངས་ཀྱི་ལྗོན་ཤིང་མེད་པའི་གྲོང་ཁྱེར་གཅིག་པུ་དེ་རེད”མིག་སྔར་རྣམ་པ་དེར་རིམ་བཞིན་འགྱུར་ལྡོག་འགྲོ་བཞིན་ཡོད། ནག་ཆུ་ས་ཁུལ་ནགས་ལས་ཅུས་ཀྱི་ཅུས་ཀྲང་མིག་དམར་ཚེ་རིང་གིས“ཀྲུང་དབྱང་དང་། རང་སྐྱོང་ལྗོངས། ནག་ཆུ་ས་ཨུད། སྲིད་འཛིན་ཀུང་ཧྲུའུ་བཅས་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་ནག་ཆུ་ས་ཁུལ་གྱིས་ནགས་བཟོ་སྔོ་འགྱུར་གྱི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ལོ་5ཡི་རིང་རྨོ་བསྐྱུར་ནགས་གསོ་མུའུ་7200བྱས་པ་དང་། གཙོ་གནད་ས་ཁོངས་སུ་ཤིང་བཙུགས་མུའུ་8410.7བྱས་པ། སྣོད་བཅུད་འགོག་སྲུང་ནགས་ཚལ་མུའུ་ཁྲི་1.28བཏབ་ཡོད”ཅེས་བརྗོད།

    འདབ་ཆགས་ཀྱི་རིགས་ལ་ནམ་མཁའི་ཕོ་ཉ་དང་། འདམ་རའི་སྤྱང་གྲུང་ཅན། ནགས་ཚལ་གྱི་སྲུང་དམག་བཅས་བརྗོད་ཅིང་། དེས་རང་བྱུང་སྣོད་བཅུད་དོ་སྙོམས་ལ་བྱེད་དཀའ་བའི་ནུས་པ་ཐོན་པ་མ་ཟད། ད་དུང་མིའི་རིགས་ཀྱི་མཛེས་སྡུག་ལྡན་པ་དང་བཀྲ་ཤིས་པའི་རྣམ་པ་མང་པོ་སྐྲུན་གྱི་ཡོད་པས་དེ་ནི་སྣོད་བཅུད་རིག་གནས་ཀྱི་གཞི་རྟེན་གལ་ཆེན་ཞིག་རེད། “ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་སྣོད་བཅུད་ཁོར་ཡུག་འཛུགས་སྐྲུན་བྱེད་ཤུགས་ཟམ་མི་ཆད་པར་རྒྱ་ཆེ་རུ་བཏང་ནས་གདོད་མའི་ཁོར་ཡུག་ལེགས་བཅོས་བྱེད་པ་དང་སྲོག་ཆགས་དང་འདབ་ཆགས་ཀྱི་རིགས་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཟབ་ཏུ་བཏང་བས་གང་སར་མི་དང་སྲོག་ཆགས་དང་། མི་དང་འདབ་ཆགས་དབར་ཞི་མཐུན་མཉམ་གནས་ཀྱི་རྣམ་པ་བཟང་པོ་མངོན་གྱི་ཡོད”ཅེས་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་འཆམ་འཆམ་དུ་སྐྱོད་བཞིན་པའི་ལྷ་སའི་གྲོང་མི་ཚེ་སྒྲོལ་དཀར་གྱིས་དེ་ལྟར་བརྗོད།

    སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ནི་མི་དམངས་ཀྱི་བདེ་རྩར་ཐུག་པ་དང་མི་རིགས་ཀྱི་འབྱུང་འགྱུར་དང་འབྲེལ་བ་ཡོད། རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་ལོ་5ཡི་རིང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ཐད་ནུས་ཤུགས་ཧུར་ཐག་བཏོན་པ་དང་འབད་བརྩོན་ལྷོད་མེད་བྱས་པ་མྱོང་ཚོར་ཏན་ཏིག་ཐུབ་པ་དང་བོད་ཀྱི་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ལས་ཚང་མར་སྤོབས་སེམས་ཆེན་པོ་སྐྱེ་ཡི་ཡོད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།