འདི་ནི་གེགས་རྗེས་བསྐྱར་སྐྲུན་བྱས་པའི་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་སྐྱིད་ཕུག་གྲོང་ཚོ་ཡིན་པ།
ད་ཕན་ལོ་ཤས་རིང་། ལྷ་ས་དང་གཞིས་རྩེ་གྲོང་ཁྱེར་གཉིས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་མི་རིགས་ཁག་གི་མང་ཚོགས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ“འདུ་ཤེས་བཞི”དང“འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔ”བརྟན་པོ་བཙུགས་པ་དང་ཁོར་ཡུག་སྲུང་སྐྱོང་ལས་དོན་དེ་མཐའ་ཚད་དང་། དམར་ཐིག གློག་ཆེན་བཅས་སུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་སྣོད་བཅུད་སྲུང་སྐྱོང་གི་ཁ་གསབ་ལམ་སྲོལ་གྱི་འབྲེལ་ཡོད་སྲིད་ཇུས་ལག་བསྟར་ནན་ཏན་བྱས་པས་སྣོད་བཅུད་སྲུང་སྐྱོང་དང་འཕེལ་རྒྱས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།
རྩ་འཛུགས་ལ་ཤུགས་སྣོན་བརྒྱབ་ནས་རྩེ་རིམ་ཇུས་འགོད་བྱེད་ཤུགས་ཆེ་རུ་བཏང་བ།
ལྷ་ས་དང་གཞིས་རྩེ་གྲོང་ཁྱེར་གཉིས་ཀར་གྲོང་ཁྱེར་གྱི་འགོ་ཁྲིད་གཙོ་བོས་སྣེ་ཁྲིད་པའི་ཁོར་ཡུག་སྲུང་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ་སྣོད་བཅུད་སྲུང་སྐྱོང་ཁ་གསབ་ལས་ཀར་ཞིབ་ཕྲའི་མཛུབ་ཁྲིད་དང་དོན་འཁྱོལ་བྱས་ནས“ཏང་སྲིད་འགན་འཁྲི་མཉམ་ཁུར”དང“ལས་གནས་གཅིག་ལ་འགན་འཁྲི་གཉིས”ལག་ལེན་བསྟར་བར“ཏང་ཨུད་ཀྱིས་གཅིག་གྱུར་འགོ་ཁྲིད་དང་། ཏང་སྲིད་ཀྱིས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ། སྡེ་ཚན་གྱིས་གཞོགས་འདེགས་དམ་ཟབ། གྲོང་ཁྱེར་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་བཞིའི་གོང་འོག་མཉམ་འགུལ”བཅས་ཀྱི་བཀོད་པ་བཟང་པོ་ཆགས་ནས་ལོ་ལྟར་ཁོར་ཡུག་སྲུང་སྐྱོང་གི་མ་དངུལ་གཏོང་ཤུགས་དང་སྣོད་བཅུད་སྲུང་སྐྱོང་ལ་ཁ་གསབ་བྱེད་ཤུགས་ཆེ་རུ་བཏང་ཐོག སྣོད་བཅུད་སྲུང་སྐྱོང་གི་ཁ་གསབ་ལམ་སྲོལ་ལས་ཀར་སྤྱི་འདོམས་དང་མཐུན་སྦྱོར་ངང་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱས་ཡོད།
གྲོང་ཁྱེར་གཉིས་ཀྱིས་ཏང་ཨུད་དང་སྲིད་གཞུང་གི་རིམ་ངོས་ནས་རྩེ་རིམ་ཇུས་འགོད་བྱེད་ཤུགས་ཆེ་རུ་བཏང་སྟེ་སྣོད་བཅུད་སྲུང་སྐྱོང་གི་ཁ་གསབ་ལམ་སྲོལ་དོན་འཁྱོལ་ལས་ཀའི་སྒྲིག་གཞི་འཐུས་སྒོ་ཚང་དུ་བཏང་བ་དང་། 《སྣོད་བཅུད་སྲུང་སྐྱོང་ཁ་གསབ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཟོས་ཏེ་བཀྲམ་པ། སྣོད་བཅུད་ཁ་གསབ་ཀྱི་བྱ་དགའ་དང་ཆད་གཅོད་རིགས་དང་ཁྱབ་ཁོངས་གཞིར་བཟུང་སྣོད་བཅུད་སྲུང་སྐྱོང་ཁ་གསབ་ལམ་སྲོལ་དོན་འཁྱོལ་བྱེད་པའི་སྒྲིག་སྲོལ་ལམ་ལུགས་ཁག་སོ་སོར་བཟོས་པ་བཅས་བྱས་ནས་སྣ་མང་ཅན་གྱི་ཁ་གསབ་ལམ་སྲོལ་འཚོལ་ཞིབ་བྱས་ཏེ་བཟོ་རྒྱུའི་ཚོད་ལྟ་བྱས་པ་རེད།
དེ་དང་དུས་མཚུངས་གྲོང་ཁྱེར་གཉིས་པོས་ད་དུང་ཁོར་ཡུག་སྲུང་སྐྱོང་གི་སྣོད་བཅུད་བྱ་གཞག་འཕེལ་རྒྱས་དང་ཁོར་ཡུག་སྲུང་སྐྱོང་གི་སྣོད་བཅུད་རྣམ་གྲངས་དེ་རང་རང་སོ་སོའི་ལོ་འཁོར་གྱི་ནོར་སྲིད་སྔོན་རྩིས་ནང་བཅུག་སྟེ་ཕྱོགས་མང་པོའི་ཐད་ནས་མ་དངུལ་བསྡུ་སྒྲིལ་བྱས་ཐོག་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། གསར་འགོད་པར་ཤེས་རྟོགས་བྱུང་གསལ། ལྷ་ས་གྲོང་ཁྱེར་གྱིས་2013ལོ་ནས་2016ལོ་བར་རིམ་རྩིས་བརྒྱབ་ན་ཁོར་ཡུག་སྲུང་སྐྱོང་གི་མ་དངུལ་སྒོར་དུང་ཕྱུར་121.58བཏང་བའི་ནང་རྒྱལ་ཁབ་ཀྱི་མ་དངུལ་སྒོར་དུང་ཕྱུར་98.56ཕུད་རིམ་པ་དེ་གའི་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར་21.43བཏང་བ་དང་འབྲེལ་བོད་སྐྱོར་མ་དངུལ་སྒོར་དུང་ཕྱུར་1.59བསྡུ་སྒྲིལ་བྱས་ནས་ཉེན་ཡོད་སྙིགས་རོ་གཙང་སེལ་ལྟེ་གནས་དང་། གད་སྙིགས་སྦས་ས། ཆུ་བཟོ་གྲྭ ཆུ་ལམ་བཅོས་སྐྱོང་སོགས་རྣམ་གྲངས་འཛུགས་སྐྲུན་ཐད་སྤྱད་དེ་ལྗོངས་ཡོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཆེད་དཔྱད་གཞིར་འཛིན་རིན་ཡོད་པའི་ཉམས་མྱོང་མཁོ་འདོན་བྱས་ཡོད།
འདི་ནི་ཇོ་མོ་གླང་མའི་མཛེས་ལྗོངས་ཁུལ་གྱི་ལྗོངས་གཟིགས་སྒང་དུ་བཙུགས་པའི“སྣོད་བཅུད་ཤེས་དཔལ་ལ་སྲུང་སྐྱོང་བྱས་ནས་ལྗང་མདོག་གི་ཁྱིམ་གཞིས་མཉམ་དུ་གཏོད”ཅེས་པའི་དྲིལ་བསྒྲགས་སྒྲོམ་སྟེགས་ཡིན་པ།
དོན་འཁྱོལ་ལ་མཐོང་ཆེན་བྱས་ནས་བྱེད་ཐབས་ནུས་ལྡན་དོན་འཁྱོལ་ཐུབ་པ།
2011ལོར་རང་ལྗོངས་ཀྱིས་རྩྭ་ཐང་གི་སྣོད་བཅུད་གནོན་ཤུགས་ཆུང་དུ་བཏང་ནས་རྩྭ་ཐང་གི་སྔོ་ཁེབས་རང་བཞིན་ངང་སླར་གསོ་ཐུབ་པ་བྱས་པ་དང་རྩྭ་ཐང་ཞན་འགྱུར་བྱེད་ཚད་འགོར་དུ་བཏང་ཞིང་། ཕྱུགས་རིགས་ཉུང་དུ་གཏོང་བ་དང་། རྩྭ་ཁ་བཀག་པ། རྩྭ་ཐང་སྣོད་བཅུད་ལྟ་ཞིབ་ཚད་འཇལ་སོགས་བྱེད་ཐབས་སྤྱད་པ་བརྒྱུད་རྩྭ་ཐང་གི་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡོང་བའི་དུས་རབས་གསར་པ་བཏོད་ཡོད། 2017ལོར་ལྷ་ས་གྲོང་ཁྱེར་གྱིས་རིམ་རྩིས་བརྒྱབ་ན་རིགས་ཁག་གི་རྩྭ་ཐང་གི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་5.3ལྷག་ཙམ་སྤྲད་པ་དང་གཞིས་རྩེ་གྲོང་ཁྱེར་གྱི་རྩྭ་ཐང་སྣོད་བཅུད་སྲུང་སྐྱོང་གི་ཁ་གསབ་དང་བྱ་དགའ་དམིགས་སར་འབྱོར་བ་དང་འབྲེལ་སྒོར་དུང་ཕྱུར་4.4སྤྲད་པས་དམིགས་སར་འབྱོར་ཚད་དང་སྤྲོད་ཚད་100%ཟིན་ཡོད།
གྲོང་ཁྱེར་གཉིས་ཀྱིས་རྨོ་ཞིང་སྲུང་སྐྱོང་དང་རྨོ་བསྐྱུར་ནགས་གསོའི་ལས་དོན་འཚོལ་ཞིབ་བྱེད་པའི་ཐད་གྲོང་ཁྱེར་དང་རྫོང་སྲིད་གཞུང་གིས་གཙོ་ཁྲིད་དང་སྤྱི་ཚོགས་ཞུགས་པའི་ལས་ཀའི་ལམ་སྲོལ་བཙུགས་ཏེ་རིགས་ཁག་གི་འཛུགས་སྐྲུན་གྱིས་རྨོ་ཞིང་བཟུང་ཚད་ཚོད་འཛིན་ནན་པོ་བྱེད་པ་དང་རྨོ་ཞིང་གི་གྲངས་འབོར་དང་སྤུས་ཚད། སྣོད་བཅུད་བཅས“ཕྱོགས་གསུམ་གཞི་གཅིག”སྲུང་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་སྤུས་ཚད་འབྲིང་དམའི་རྨོ་ཞིང་དེ་དག་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་གྱི་ཁྱབ་ཁོངས་ནང་བཅུག་སྟེ་སྤུས་ཚད་མཐོར་གཏོང་དང་སྒྱུར་བཀོད་བྱས་པ་དང་ས་ཞིང་བཅོས་སྐྱོང་བྱས་པར་བརྟེན་ནས་རྨོ་ཞིང་གསར་སྣོན་བྱུང་བ་དང་རྨོ་ཞིང་གི་སྤུས་ཚད་མཐོ་རུ་ཕྱིན་པའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་དང་ཞིང་དུད་ལ་བྱ་དགའ་སྤྲད་ཡོད། མིག་སྔར་གཞིས་རྩེ་གྲོང་ཁྱེར་གྱི་དངོས་སུ་དམིགས་སར་འབྱོར་བ་དང་འབྲེལ་སྤྲད་ཟིན་པའི་རྨོ་བསྐྱུར་ནགས་གསོའི་ཁ་གསབ་སྒོར་ཁྲི་1029.51ཟིན་ཡོད།
དེ་དང་དུས་མཚུངས་གྲོང་ཁྱེར་གཉིས་ཀྱིས“ནགས་ཚལ་ལ་དོ་དམ་ནན་པོ་དང་། མ་དངུལ་གཟབ་ནན་ངང་སྤྱོད་པ། སྤུས་ཚད་སྔོན་ལ་འཇོག་པ”བཅས་ཀྱི་ལས་ཀའི་བྱེད་ཕྱོགས་ལག་བསྟར་ནན་པོ་བྱས་ནས་ཆེད་དངུལ་ཆེད་སྤྱོད་དང་གྲངས་འབོར་ཆ་ཚང་གཏོང་སྤྲོད་ཐུབ་པ་བྱས་ཐོག ལོ་འཁོར་ཁག་གི་གཙོ་གནད་སྤྱི་ཕན་ནགས་ཚལ་གྱི་སྣོད་བཅུད་ཕན་འབྲས་ཐེབས་རྩའི་ཁ་གསབ་ལས་འགན་ཁག་ཕྱོགས་ཡོངས་ནས་ལེགས་གྲུབ་ཐུབ་ཡོད། ལྷ་ས་གྲོང་ཁྱེར་གྱིས་2013ལོ་ནས་2016ལོ་བར་ཀྲུང་དབྱང་ནོར་སྲིད་ཀྱི་ནགས་ཚལ་སྣོད་བཅུད་ཁ་གསབ་ཀྱི་མ་དངུལ་ཁྱོན་སྒོར་ཁྲི་5717.27དོན་འཁྱོལ་བྱས་པ་དང་2017ལོའི་བདག་སྐྱོང་མ་དངུལ་སྒོར་ཁྲི་3821ཚང་མ་ཟླ་12པའི་ཟླ་མཇུག་ཏུ་སྤྲད་ཡོད། དེས་ན་གཞིས་རྩེ་གྲོང་ཁྱེར་གྱི་ནགས་ཚལ་སྣོད་བཅུད་ཕན་འབྲས་ཀྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་1.5དངོས་སུ་དམིགས་སར་འབྱོར་བ་དང་འབྲེལ་སྤྲད་ཟིན་ནས་སྤྲོད་ཚད་100%ཟིན་པ་རེད།
དམངས་སེམས་ཐོབ་པ་བྱས་ནས་སྣོད་བཅུད་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་གཉིས་ཀ་མངོན་འགྱུར་བྱུང་བ།
ད་ཕན་ལོ་ཤས་རིང་། ལྷ་ས་དང་གཞིས་རྩེ་གྲོང་ཁྱེར་གཉིས་ཀྱིས་སྣོད་བཅུད་སྲུང་སྐྱོང་གི་ཁ་གསབ་ལམ་སྲོལ་དོན་འཁྱོལ་ལ་སྐུལ་འདེད་བཏང་བས་བོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ནུས་ལྡན་ཐུབ་ནས་གྲོང་ཁྱེར་གཉིས་ཀྱི་ཞིང་འབྲོག་ལས་ཐོན་ལས་ཀྱི་གྲུབ་ཆ་དང་ཐོན་སྐྱེད་བྱེད་སྟངས་འགྱུར་ལྡོག་བྱུང་བ་དང་སྣོད་བཅུད་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་གཉིས་ཀ་མངོན་འགྱུར་བྱུང་སྟེ་ཆབ་སྲིད་ཀྱི་ཕན་འབྲས་དང་། དཔལ་འབྱོར་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས། སྣོད་བཅུད་ཀྱི་ཕན་འབྲས་བཅས་ཀྱི་མཉམ་འདྲེས་ཡག་པོ་ཡོང་རྒྱུ་མངོན་འགྱུར་ཐུབ་པ་མ་ཟད། ད་དུང་ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་སྐུལ་འདེད་གཏོང་རྒྱུར་ནུས་པ་གལ་ཆེན་ཐོན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱིས་2016ལོ་དང་2017ལོར་རིམ་རྩིས་བརྒྱབ་ན་ནགས་ཚལ་སྣོད་བཅུད་ཕན་འབྲས་ཀྱི་ཁ་གསབ་མ་དངུལ་དང་གནད་སྨིན་དབུལ་སྐྱོར་གྱི་སྣོད་བཅུད་ཁ་གསབ་ཀྱི་ལས་གནས་མ་དངུལ་སྒོར་དུང་ཕྱུར་1.95ལྷག་ཙམ་གཤམ་སྤྲོད་བྱས་ཡོད། གཞིས་རྩེ་གྲོང་ཁྱེར་གྱིས་2017ལོར་སྣོད་བཅུད་ཁ་གསབ་ལས་གནས་ཀྱི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་5.48གཤམ་སྤྲོད་བྱས་པས་གྲོང་ཁྱེར་གཉིས་པོའི་ཞིང་འབྲོག་པས་ཏང་དང་སྲིད་གཞུང་གི་བཀའ་དྲིན་དངོས་སུ་ཚོར་བ་མ་ཟད། དག་ཞིང་དེ་སྲུང་སྐྱོང་བྱེད་པའི་ཆོད་སེམས་དང་ཡིད་ཆེས་ཀྱང་དེ་བས་བརྟན་དུ་སོང་ཡོད།
གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་སྒང་དཀར་གྲོང་རྡལ་གྱི་གྲོང་མི་པ་སངས་ཀྱིས“ནོར་ལུག་རང་ཁྱིམ་གྱི་རྩྭ་རར་འཚོས་ནའང་ད་དུང་ཁ་གསབ་དངུལ་ལེན་རྒྱུ་ཡོད་པས་ཏང་དང་སྲིད་གཞུང་དངོས་འབྲེལ་ཡག་པོ་འདུག”ཅེས་བཤད་པ་མ་ཟད་ཁྱིམ་གྱི་སྒོ་རྩའི་འཚོ་རྟེན་ཡིན་པའི་རྩྭ་ཐང་དང་འཁྱགས་རོམ་དེར་གཅེས་སྐྱོང་དེ་བས་ཡག་པོ་བྱ་རྒྱུ་ཡིན་ཞེས་བཤད། ཁོང་གིས་ཐག་རིང་གི་རྩྭ་ཐང་དང་རི་མགོར་མཛུབ་མོ་བཙུགས་ནས“ད་ཆ་སྲིད་གཞུང་གིས་སྣོད་བཅུད་ཁ་གསབ་ལས་དོན་ཁྱབ་གདལ་ཤུགས་ཆེན་གཏོང་བའི་རྒྱབ་ལྗོངས་འོག་དེ་དག་ནི་ངེད་ཚོ་ཞིང་འབྲོག་པའི་མིང་དོན་མཚུངས་པའི་གསེར་རི་དངུལ་རི་རེད”ཅེས་དྲིན་ཚོར་ཆེན་པོས་བཤད། (བསོད་ནམས་བདེ་སྐྱིད་ཀྱིས་བསྒྱུར། བསོད་བདེ་དང་བསོད་དཔས་ཞུས)
འདི་ནི་རྒྱང་རིང་དུ་འགྱིང་ངེར་གནས་ཤིང་གངས་ཀྱིས་བཀླུབས་པའི་རི་བོ་ཇོ་མོ་གླང་མ་ཡིན་པ།