དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • སྣོད་བཅུད་ཐོན་ལས་དར། འཕེལ་རྒྱས་ལམ་བུ་ཡངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-12-29

    ན་ནིང་གཞིས་རྩེ་གྲོང་ཁྱེར་གྱི་ཐོན་ལས་འཕེལ་རྒྱས་ཚོགས་ཆེན་ཐོག་ལྗང་མདོག་སྣོད་བཅུད་ཐོན་ལས་དེ་གཞིས་རྩེ་གྲོང་ཁྱེར་གྱིས་ཇོ་རིའི་ཐོན་ལས་ཆེ་གྲས་བདུན་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་གཏོང་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གཏན་འཁེལ་བྱས་ཡོད། ལོ་གཅིག་རིང་སྣོད་བཅུད་ནགས་ཚལ་སྲུང་སྐྱོང་བྱེད་པ་དང་། གྲོང་ཁྱེར་གྱི་ལྗོན་ཤིང་ཁྱབ་ཚད་མང་དུ་འགྲོ་བ། མཛེས་ལྗོངས་ནགས་ཚལ་གྱི་མཛེས་སྡུག་མངོན་པ། དཔལ་འབྱོར་ནགས་ཚལ་ལས་འབབ་འཕར་ཡོང་བ་བཅས་ཀྱི་དམིགས་ཚད་ལ་གཞིགས་ནས་གཞིས་རྩེ་གྲོང་ཁྱེར་གྱིས་ལྗང་མདོག་སྣོད་བཅུད་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་སྣོད་བཅུད་ཐོན་ལས་ཀྱི་ལམ་བུར་བློ་སྤོབས་ཆེན་པོས་སྐྱོད་བཞིན་ཡོད་པ་རེད།

    ལྗང་མདོག་སྣོད་བཅུད་ལས་རིགས་ཀྱི་འཆར་གཞི་གསར་པ་བཀོད་པ།

    འདུ་ཤེས་ལ་བརྟེན་ནས་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་པ། ས་ཁོངས་ཡོངས་ཀྱི་ཆེད་དུ། ས་ཁོངས་ཡོངས་སུ་ལྗང་མདོག་སྣོད་བཅུད་ལས་རིགས་འཕེལ་རྒྱས་བཏང་བའི་ནང་རྫོང་དང་ཆུས་18ཚུད་ཡོད། དེའི་ནང་སྣོད་བཅུད་དང་། ཐོན་ལས། རིག་གནས་བཅས་ཀྱི་མ་ལག་བསྐྲུན་རྒྱུ་ཚུད་ཡོད་པ་དང་། ཆུ་བོ་དང་། འདམ་ར། ཀླུང་ཐང་། ཐང་རྒོད། འཁྱགས་རོམ་སོགས་ས་ཆ་ཚུད་ཡོད། བདེ་འཇགས་ཐད་མཚོ་བོད་ས་མཐོའི་སྣོད་བཅུད་བདེ་འཇགས་བསྲུང་རྒྱུ་མཐའ་འཁྱོངས་བྱ་རྒྱུ་ནས་འགོ་བརྩམས་ཏེ་དར་རྒྱས་ཆེ་བའི་ལྗང་མདོག་སྣོད་བཅུད་མ་ལག་བསྐྲུན་པ་དང་། འཕེལ་རྒྱས་ཐད་ནགས་ཚལ་ཐོན་ཁུངས་རྒྱུན་མཐུད་བེད་སྤྱོད་ཆོག་པའི་སྔོན་འགྲོའི་ཆ་རྐྱེན་འོག ལྗང་མདོག་སྣོད་བཅུད་ཐོན་ལས་འཛུགས་སྐྲུན་གྱིས་ས་ཁོངས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་ཡོང་བ་བྱས་ཡོད། ལས་ཆོད་ཐད་ཚད་གཞི་མཐོ་པོ་རྨང་གཞིར་བྱེད་པ་དང་། སྤུས་ཚད་མཐོ་བ་དང་ཕན་ཆེ་དམིགས་ཡུལ་དུ་བཟུང་ནས་དར་རྒྱས་ཆེ་བའི་ལྗང་མདོག་སྣོད་བཅུད་ལས་རིགས་ཀྱི་མ་ལག་བསྐྲུན་ཡོད།

    ལྗང་མདོག་སྣོད་བཅུད་ལས་རིགས་ཀྱི་འགག་རྩར་དམ་པོར་དམིགས་པ།

    ཁྱད་ལྡན་དཔལ་འབྱོར་ནགས་ལས་འཕེལ་རྒྱས་བཏང་བ། བོད་ལྗོངས་ས་མཐོའི་སྣོད་བཅུད་ཀྱི་ཁྱད་ཆོས་ལྡན་པའི་དཔལ་འབྱོར་ནགས་ཚལ་དཔེ་སྟོན་རྟེན་གཞི་ཁག་གཅིག་བསྐྲུན་ཞིང་། ཀུ་ཤུ་དང་འདྲེ་ཚེར་མ། སྟར་བུ། ལི། ཁམ་བུ། རྒུན་འབྲུམ་སོགས་ས་མཐོའི་ཁྱད་ལྡན་ཤིང་འབྲས་རྟེན་གཞི་ནུས་ལྡན་བསྐྲུན་ཁར། “ཤངས་ཆུའི་རོང”གི་དཔལ་འབྱོར་ནགས་ཚལ་སྣོད་བཅུད་ཐོན་ལས་ཀྱི་དབུལ་སྐྱོར་རྣམ་གྲངས་དང་། པ་སྣམ་རྫོང་གི་མུའུ་ཁྲིའི་འདྲེ་ཚེར་མའི་སྣོད་བཅུད་ལྗོངས་གཟིགས་ཐོན་ལས་གླིང་སོགས་གཙོ་གནད་ཐོག་བཏོད་ཡོད། མིག་སྔར་གཞིས་རྩེ་གྲོང་ཁྱེར་གྱིས་ཁྱད་ལྡན་དཔལ་འབྱོར་ནགས་ཚལ་རྒྱ་ཁྱོན་མུའུ་15949འཕེལ་རྒྱས་བཏང་ཡོད་པ་རེད།

    སྣོད་བཅུད་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་ཞིང་། རྒྱལ་ལམ་གྱི་ལྗོངས་གཟིགས་ལམ་རྒྱུད་དང་། ཇོ་རིའི་རི་མཐོའི་སྣོད་བཅུད་ཡུལ་སྐོར་ཁུལ། ས་མཐོའི་སྣོད་བཅུད་མཚེའུ་དང་འདམ་རའི་ལྗོངས་གཟིགས་ཡུལ་སྐོར་ཁུལ། ཁྱད་ལྡན་མཐའ་མཚམས་ཡུལ་སྐོར་ཁུལ། ཧི་མ་ལ་ཡའི་རོང་ས་ལྔ། ནགས་ཚལ་ཉམས་སུ་མྱོང་བ། བདེ་ཐང་ལུས་གསོའི་རྟེན་གཞི་བཅས་དང་དེ་བཞིན་ཁྱད་ལྡན་གྲོང་རྡལ་ཆུང་ངུ་སོགས“ལམ་རྒྱུད་གཅིག་དང་། ཁུལ་གསུམ། རོང་ས་ལྔ། ས་ཚིགས་མང་པོ”བཅས་ཀྱི་ཁྱད་ལྡན་མཛེས་ལྗོངས་ས་ཚིགས་ཀྱི་ཡུལ་སྐོར་རྣམ་པ་ཞིག་ཆགས་པ་བྱས་ཡོད། ན་ནིང་གཞིས་རྩེ་གྲོང་ཁྱེར་ལ་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་35.2བྱུང་ནས་ཡུལ་སྐོར་ལས་རིགས་དེ་གཞིས་རྩེ་གྲོང་ཁྱེར་གྱི་ཀ་རྟེན་ཐོན་ལས་སུ་གྱུར་ཡོད་པ་རེད།

    ལྗང་མདོག་སྣོད་བཅུད་ལས་རིགས་ལ་འགན་ལེན་ཡག་པོ་བྱས་པ།

    སྒྲིག་འཛུགས་ཀྱི་འགན་ལེན་བྱས་ཤིང་། ལྗང་མདོག་སྣོད་བཅུད་ཐོན་ལས་འཕེལ་རྒྱས་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་གྲོང་ཁྱེར་དང་། རྫོང་དང་ཆུས། ཤང་གྲོང་བཅས་རིམ་གསུམ་གྱི་ལས་བགོས་འགན་གཉེར་འགོ་ཁྲིད་ཀྱི་ལས་བགོས་འགན་ཁུར་ལམ་ལུགས་ལག་ལེན་བསྟར་བ་དང་འབྲེལ་དམིགས་ཚད་དཔྱད་ཞིབ་འགན་འཁྲིའི་ལམ་ལུགས་བཙུགས་ཡོད་པ་རེད།

    སྲིད་ཇུས་ཀྱི་འགན་ལེན་བྱས་ཤིང་། སྲིད་གཞུང་གིས་སྣེ་ཁྲིད་བྱེད་པ་དང་སྡེ་ཚན་ཁག་གིས་གཞོགས་འདེགས་ཧུར་ཐག་བྱེད་པའི་སྲིད་ཇུས་ཀྱི་འདེགས་སྐྱོར་མ་ལག་བསྐྲུན་ཏེ་དེང་རབས་ནགས་ལས་ཐོན་ལས་རྟེན་གཞི་དང་གཉེར་སྐྱོང་བྱེད་པོ་གསར་པ་སྐྱེད་སྲིང་བྱས་ཡོད་པ་རེད།

    མ་དངུལ་གྱི་འགན་ལེན་བྱས་ཤིང་། སྲིད་གཞུང་གིས་སྣེ་ཁྲིད་བྱེད་པ་དང་། ཁྲོམ་རས་སྐུལ་འདེད་གཏོང་བ། ཕྱོགས་མང་པོས་མ་དངུལ་གཏོང་བ། སྤྱི་ཚོགས་ཞུགས་པ་བཅས་ཀྱི་མ་དངུལ་གཏོང་བའི་འགན་ལེན་ལམ་སྲོལ་བཙུགས་ཡོད་པ་རེད།

    ཚན་རྩལ་གྱི་འགན་ལེན་བྱས་ཤིང་། ཚན་རྩལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ལྗང་མདོག་སྣོད་བཅུད་ཐོན་ལས་ཀྱི་ལག་རྩལ་གསར་པ་དང་གྲུབ་འབྲས་གསར་པ་ཁྱབ་གདལ་ཤུགས་ཆེན་བཏང་སྟེ་རྒྱལ་ཁབ་ཕྱི་ནང་གི་ལྗང་མདོག་སྣོད་བཅུད་ཐོན་ལས་ཀྱི་ལག་རྩལ་གསར་པ་དང་གྲུབ་འབྲས་གསར་པ་ནང་འདྲེན་བྱེད་མགྱོགས་སུ་བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།