དབང་ཆ་ཐོབ་པ་ལྟར་ཚེས་17ཉིན་ཤིན་ཧྭ་གསར་འགྱུར་ཁང་གིས་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་པར་འགྲེམས་བྱས་པའི《སྣོད་བཅུད་ཁོར་ཡུག་ལ་གནོད་འཚེ་ཕོག་པར་ཁ་གསབ་སྤྲོད་པའི་ལམ་ལུགས་སྒྱུར་བཅོས་ཀྱི་ཇུས་གཞི》ཁྱབ་བསྒྲགས་བྱས་པ་རེད། ཇུས་གཞིའི་ནང་2018ལོའི་ཟླ་1ཚེས་1ཉིན་ནས་བཟུང་རྒྱལ་ཡོངས་སུ་སྣོད་བཅུད་ཁོར་ཡུག་ལ་གནོད་འཚེ་ཕོག་པར་ཁ་གསབ་སྤྲོད་པའི་ལམ་ལུགས་ཚོད་ལྟའི་སྒོ་ནས་ལག་ལེན་བསྟར་འགོ་འཛུགས་རྒྱུ་རེད་ཅེས་བཏོན་ཡོད་པ་རེད།
ཇུས་གཞི་དེ་བཏོན་པའི་ཐོག་ནས་སྣོད་བཅུད་ཁོར་ཡུག་ལ་གནོད་འཚེ་ཕོག་པར་ཁ་གསབ་སྤྲོད་པའི་ལམ་ལུགས་སྒྱུར་བཅོས་ལས་དོན་དེ་སྔོན་ལ་ཚོད་ལྟ་བྱེད་པ་ནས་རྒྱལ་ཡོངས་སུ་ཚོད་ལྟའི་ལག་ལེན་བསྟར་བའི་དུས་མཚམས་སུ་སླེབས་པ་མཚོན་གྱི་ཡོད་པ་རེད། རྒྱལ་ཡོངས་སུ་ཚོད་ལྟའི་ལག་ལེན་བསྟར་བ་བརྒྱུད་སྣོད་བཅུད་ཁོར་ཡུག་ལ་གནོད་འཚེ་ཕོག་པར་ཁ་གསབ་སྤྲོད་པ་དང་སླར་གསོ་བྱེད་པའི་ལས་ཕྱོད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། “ཁེ་ལས་ཀྱིས་སྦགས་བཙོག་བཟོས་པ་དང་། མང་ཚོགས་ལ་གནོད་འཚེ་ཕོག་པ། སྲིད་གཞུང་གིས་ཁ་གསབ་སྤྲོད་པ”བཅས་ཀྱི་དཀའ་གནད་ཐག་གཅོད་ནུས་ལྡན་བྱེད་པ། སྣོད་བཅུད་ཁོར་ཡུག་ལ་གནོད་འཚེ་ཕོག་མིན་གསལ་འབྱེད་དཔྱད་དཔོག་དང་སྣོད་བཅུད་ཁོར་ཡུག་སླར་གསོ་སོགས་འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ནས་སྣོད་བཅུད་ཁོར་ཡུག་དང་མི་དམངས་ཀྱི་ཁོར་ཡུག་ཁེ་དབང་ལ་སྲུང་སྐྱོང་ནུས་ལྡན་བྱ་རྒྱུ་རེད།
ཇུས་གཞིའི་ནང་། རྒྱལ་ཡོངས་སུ་སྣོད་བཅུད་ཁོར་ཡུག་ལ་གནོད་འཚེ་ཕོག་པར་ཁ་གསབ་སྤྲོད་རྒྱུའི་ལམ་ལུགས་ཚོད་ལྟའི་ལག་ལེན་བསྟར་ཏེ་སྣོད་བཅུད་ཁོར་ཡུག་ལ་གནོད་འཚེ་ཕོག་པར་ཁ་གསབ་སྤྲོད་པའི་ཁྱབ་ཁོངས་དང་། འགན་འཁྲིའི་བྱེད་པོ། ཁ་གསབ་ལེན་མཁན་བྱེད་པོ། གནོད་འཚེ་ཕོག་པར་ཁ་གསབ་སྤྲོད་ཐབས་སོགས་སྔར་བས་གསལ་པོ་བཟོ་བ་དང་། དེ་མཚུངས་ཀྱི་གསལ་འབྱེད་དཔྱད་དཔོག་དོ་དམ་དང་ལག་རྩལ་མ་ལག་དང་དེ་བཞིན་མ་དངུལ་འགན་ལེན་དང་འཁོར་རྒྱུག་ལམ་སྲོལ་ཆགས་པར་བྱེད་པ། སྣོད་བཅུད་ཁོར་ཡུག་ལ་གནོད་འཚེ་ཕོག་པ་སླར་གསོ་དང་ཁ་གསབ་ཀྱི་ལམ་ལུགས་རིམ་བཞིན་འཛུགས་པ་བཅས་བྱས་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་པོ་གཏོང་རྒྱུ་ཡིན་ཞེས་བཏོན་ཡོད་པ་རེད།
ཇུས་གཞིའི་ནང་། 2020ལོར་སླེབས་སྐབས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་འགན་འཁྲི་ཁ་གསལ་དང་། ཐབས་ལམ་ནུས་ལྡན། ལག་རྩལ་ཚད་ལྡན། འགན་སྲུང་ནུས་ལྡན། ཁ་གསབ་དམིགས་སར་འབྱོར་བ། སླར་གསོ་ནུས་ལྡན་བཅས་ཀྱི་སྣོད་བཅུད་ཁོར་ཡུག་ལ་གནོད་འཚེ་ཕོག་པར་ཁ་གསབ་སྤྲོད་པའི་ལམ་ལུགས་རགས་ཙམ་ཆགས་རྒྱུར་གཞོལ་དགོས་ཞེས་བླང་བྱ་བཏོན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2015ལོར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《སྣོད་བཅུད་ཁོར་ཡུག་ལ་གནོད་འཚེ་ཕོག་པར་ཁ་གསབ་སྤྲོད་རྒྱུའི་ལམ་ལུགས་སྒྱུར་བཅོས་ཀྱི་ཚོད་ལྟའི་ཇུས་གཞི》པར་འགྲེམས་བྱས་ཡོད། ཅི་ལིན་དང་། ཧྲན་ཏུང་། ཅང་སུའུ། ཧུའུ་ནན། ཁྲུང་ཆིང་། ཀུའེ་ཀྲོའུ། ཡུན་ནན་བཅས་ཞིང་ཆེན(གྲོང་ཁྱེར)7དུ་སྣོད་བཅུད་ཁོར་ཡུག་ལ་གནོད་འཚེ་ཕོག་པར་ཁ་གསབ་སྤྲོད་པའི་ལམ་ལུགས་སྒྱུར་བཅོས་ཀྱི་ཚོད་ལྟའི་ལས་དོན་སྤེལ་ཡོད་པ་རེད།
ཚོད་ལྟའི་ཇུས་གཞིའི་གཞི་རྩའི་སྒྲོམ་གཞིའི་རྨང་གཞིའི་ཐོག་ད་ཐེངས་པར་འགྲེམས་བྱས་པའི་ཇུས་གཞིའི་ནང་ནང་དོན་འགའ་ཞིག་ཁ་གསབ་བྱས་ནས་ཆ་ཚང་དུ་བཏང་བ་སྟེ། གཅིག་ནི་ཁ་གསབ་སྤྲོད་དབང་ལྡན་མཁན་གྱི་ཁྱབ་ཁོངས་ཞིང་ཆེན་རིམ་པའི་སྲིད་གཞུང་ནས་གྲོང་ཁྱེར་དང་ས་གནས་རིམ་པའི་སྲིད་གཞུང་དུ་རྒྱ་སྐྱེད་བཏང་སྟེ་ཁ་གསབ་ལས་དོན་གྱི་ལས་ཕྱོད་ཆེ་རུ་གཏོང་རྒྱུ་དང་། གཉིས་ནི་ས་གནས་ཁག་ལ་སྣོད་བཅུད་ཁོར་ཡུག་ལ་གནོད་འཚེ་ཕོག་པར་ཁ་གསབ་སྤྲོད་འགོ་འཛུགས་པའི་ཞིབ་ཕྲའི་རྣམ་པ་ཞིབ་ཚགས་སུ་བཏང་སྟེ་ཁ་གསབ་སྤྲོད་པའི་ལས་དོན་འགོ་འཛུགས་པའི་ཚད་གཞི་ཁ་གསལ་བཟོ་དགོས་པའི་བླང་བྱ་འདོན་རྒྱུ། གསུམ་ནི་གྲོས་མོལ་སྒྲིག་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ“སྔོན་ལ་གྲོས་མོལ”གྱི་བརྒྱུད་རིམ་གཏན་འབེབས་བྱས་པ་མ་ཟད། གྲོས་མོལ་བྱས་ནས་ཁ་གསབ་སྤྲོད་པའི་གྲོས་མཐུན་བཞག་པའི་རིགས་ཁ་གསལ་ཡང་བཟོ་རྒྱུ་རེད། དམངས་དོན་གཏུག་བཤེར་བཅའ་ཁྲིམས་གཞིར་བཟུང་མི་དམངས་ཁྲིམས་ཁང་ལ་ཁྲིམས་འཛིན་གཏན་འཁེལ་བྱེད་པའི་རེ་འདུན་ཞུ་ཆོག་པ་དང་ཁ་གསབ་སྤྲོད་རྒྱུའི་གྲོས་མཐུན་ལ་བཙན་ཤེད་ཀྱིས་ལག་བསྟར་བྱེད་པའི་ནུས་པ་ལྡན་པར་བྱ་རྒྱུ་རེད།