དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ལྷ་སས་ཟླ་བ་དང་པོ་ནས་བཅུ་གཅིག་བར་ཡུལ་སྐོར་བ་མི་ཐེངས་ཁྲི་1600ཙམ་ལ་སྣེ་ལེན་ཞུས་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2017-12-18

    ཚེས་15ཉིན། གསར་འགོད་པས་བོད་ཀྱི་ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་ནས་ཤེས་རྟོགས་བྱས་པར། འདི་ལོའི་ཟླ་1པོ་ནས་11བར་ལྷ་སའི་ཡུལ་སྐོར་ཁྲོམ་རས་ཡུལ་སྐོར་བ་སྣེ་ལེན་བྱེད་ཚད་ཆེས་ཆེར་འཕར་བ་དང་རིམ་རྩིས་བརྒྱབ་ན། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་1596ལ་སྣེ་ལེན་བྱས་པ་དེ་ན་ནིང་གི་དུས་མཚུངས་ལས་17%འཕར་བ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་225བྱུང་ནས་ན་ནིང་གི་དུས་མཚུངས་ལས་21%འཕར་ཡོད། ཡུལ་སྐོར་བར་སྣེ་ལེན་བྱེད་ཚད་དང་ཡུལ་སྐོར་ཡོང་འབབ་གཉིས་ཀས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།

    ལྷ་སར་ལོ་ཧྲིལ་པོར་ཉི་འོད་ཕོག་ཚད་ཆུ་ཚོད་3000ཡན་ཟིན་པས“ཉི་འོད་གྲོང་ཁྱེར”ཞེས་པའི་མཚན་སྙན་ཡོད། རིམ་པ་ཁག་གི་རིག་དངོས་སྲུང་སྐྱོང་ཚན་པ་བརྒྱ་གྲངས་ཡོད་པ་དང་ཕོ་བྲང་པོ་ཏ་ལ་དང་། གཙུག་ལག་ཁང་། ནོར་བུ་གླིང་ག་བཅས་འཛམ་གླིང་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་ཚུད་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁག་དང་པོར་ཡོངས་བསྒྲགས་བྱས་པའི་རྒྱལ་ཡོངས་ཀྱི་ལོ་རྒྱུས་རིག་གནས་གྲགས་ཅན་གྱི་གྲོང་ཁྱེར་གྲས་ཤིག་ཡིན་པའི་ལྷ་སས་དེའི་གཏིང་ཟབ་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྙིང་དོན་ལ་བརྟེན་ནས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བའི་ཡིད་དབང་འཕྲོག་བཞིན་ཡོད། དངོས་ལྗོངས་ཟློས་གར་འུན་ཤིང་ཀོང་ཇོ་འཁྲབ་སྟོན་དང་ཐང་གའི་སྒྱུ་རྩལ་དངོས་མང་སྟོན་ཚོགས་སོགས་མི་རིགས་ཀྱི་ཁྱད་ཆོས་ཀྱིས་ཕྱུག་པའི་རིག་གནས་བྱེད་སྒོ་དེ་དག་ལ་ཡུལ་སྐོར་བའི་དགའ་བསུ་ཆེན་པོ་ཐོབ་པ་དང་། ལོ་ལྟར་གྱི་ཟླ་7པ་དང་8པ་སོགས་བོད་དུ་ཡོང་མང་བའི་དུས་ཚིགས་སུ་བོད་ནས་འགྲོ་འོང་བྱེད་པའི་མེ་འཁོར་སྤ་སེ་དང་གནམ་གྲུའི་སྤ་སེ་དཀོན་ཙམ་ཡོད་པ་དང་། ཕོ་བྲང་ལོ་ཏ་ལ་སོགས་གྲགས་ཅན་མཛེས་ལྗོངས་ཁུལ་གྱི་སྤ་སེ་ཉིན་མང་པོའི་སྔོན་ནས་མངགས་ཉོ་བྱས་ཚེ་གཞི་ནས་ལྟ་སྐོར་བྱེད་ཐུབ་ཀྱི་ཡོད་པ་རེད།

    མིག་སྔར་བོད་དུ་ཡུལ་སྐོར་ཡོང་མཁན་ཉུང་བའི་དུས་ཚིགས་ཡིན་པས་ཡུལ་སྐོར་བའི་ཡིད་དབང་བཀུག་ཆེད་ཕོ་བྲང་པོ་ཏ་ལ་དང་། གནམ་མཚོ། ཇོ་མོ་གླང་མ་སོགས་གྲགས་ཅན་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བ་ཉུང་བའི་དུས་ཚིགས་ཀྱི་སྤ་སེ་བཙོངས་ནས་ཡུལ་སྐོར་མང་བའི་དུས་ཚིགས་ཀྱི་སྤ་སེའི་རིན་གོང་ལས་ཕྱེད་ཀས་དམའ་བ་ཡོད་པ་དང་། དུས་མཚུངས་ཨར་ཁང་གི་རིན་གོང་དང་རླངས་འཁོར་བོགས་གཏོང་གི་རིན་གོང་སོགས་ཚད་གཞི་མི་འདྲ་བའི་སྒོ་ནས་ཆུང་དུ་བཏང་བ་དང་བོད་དུ་ཡོང་བའི་གནམ་གྲུའི་སྤ་སེ་དང་དེ་བཞིན་མེ་འཁོར་སྤ་སེའང་འབེལ་ཙམ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།