ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང“ང་ཚོས་བསྐྲུན་དགོས་པའི་དེང་རབས་ཅན་ནི་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་ཡིན་པས་དེ་བས་མང་བའི་དངོས་པོའི་རྒྱུ་ནོར་དང་བསམ་པའི་རྒྱུ་ནོར་བཏོད་དེ་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་དགོས་ལ་དེ་བས་མང་བའི་སྤུས་ལེགས་ཀྱི་སྣོད་བཅུད་ཐོན་རྫས་མཁོ་འདོན་བྱས་ནས་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་སྤུས་ལེགས་སྣོད་བཅུད་ཁོར་ཡུག་གི་དགོས་མཁོའང་སྐོང་དགོས”ཞེས་གསལ་པོར་སྟོན་ཡོད། ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་མ་འོངས་ཀྲུང་གོས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ལམ་ཐིག་དཔེ་རིས་གསལ་སྟོན་བྱས་ཡོད།
“ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་གལ་ཆེའི་རང་བཞིན་གསལ་འགྲེལ་བྱས་ནས་མི་དམངས་ཀྱི་སྣོད་བཅུད་ཐད་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་དགོས་མཁོ་དེ་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོའི་གལ་ཆེན་ནང་དོན་དུ་བརྩིས་ཡོད། ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་སྣོད་བཅུད་ཤེས་དཔལ་ནི་ཀྲུང་ཧྭ་མི་རིགས་ཀྱི་ཡུན་རིང་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལོ་ངོ་སྟོང་གི་ཇུས་ཆེན་ཞིག་རེད། ང་ཚོས་ངེས་པར་དུ‘སྔོ་ཞིང་དྭངས་པའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི’འདུ་ཤེས་འཛུགས་པ་དང་ལག་བསྟར་བྱེད་པ་དང་། ཆེས་ནན་ཤོས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལམ་ལུགས་ལག་བསྟར་བྱས་ཏེ་ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་འབྱོར་ཕྱུག སྣོད་བཅུད་བཟང་བ་བཅས་ཀྱི་ཤེས་དཔལ་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་ནས་མི་དམངས་ལ་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་ལེགས་པོ་ཞིག་གཏོད་དགོས་པ་བསྟན་ཡོད”ཅེས་བོད་ལྗོངས་སློབ་ཆེན་རང་བྱུང་རིག་པའི་སློབ་གླིང་གི་དགེ་རྒན་ཆེ་མོ་བ་བསོད་ནམས་རིན་ཆེན་གྱིས་བཤད།
ལྗོངས་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོང་ལས་དོན་གྱི་སྣེ་ཁྲིད་སྡེ་ཚན་ཡིན་པའི་ངོས་ནས་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གིས་ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། ཁོང་དུ་ཆུད་པ། ལག་བསྟར་བཅས་བྱེད་པའི་རྨང་གཞིའི་ཐོག་ཐིང་གི་ལས་བྱེད་ལས་བཟོ་ཡོངས་སྒྲིག་འཛུགས་བྱས་ཏེ་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་གི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སྐོར་གྱི་གྲུབ་འབྲས་ཕྱོགས་སྡོམ་དང་བཀོད་སྒྲིག་གལ་ཆེན་ལ་དམིགས་བསལ་དོ་ཁུར་དང་གཙོ་གནད་ཐོག་སློབ་སྦྱོང་བྱས་པ་རེད།
རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གི་རྒྱ་ཆེའི་ལས་བྱེད་ལས་བཟོ་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པར་ངེས་པར་དུ་བོད་ཀྱི་རྒྱལ་ཁབ་ཀྱི་གཙོ་གནད་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བསྐྲུན་རྒྱུར་དམ་འཛིན་ལྷོད་མེད་བྱས་ནས་མཛེས་སྡུག་ལྡན་པའི་ཀྲུང་གོའི་བོད་ཀྱི་ལེའུ་ཡག་པོ་རྩོམ་དགོས། བསམ་བློའི་འདུ་ཤེས་བསྒྱུར་བ་དང་། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ། ཞན་ཆ་གསབ་པ། ལྟ་སྐུལ་དོ་དམ་དང་ཁྲིམས་འཛིན་ལ་ཤུགས་སྣོན་རྒྱག་པ་སོགས་གཙོ་གནད་ལས་དོན་ཡག་པོ་བསྒྲུབས་ནས་མི་དང་རང་བྱུང་ཁམས་ཞི་མཐུན་འཕེལ་རྒྱས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཆགས་རྒྱུར་སྐུལ་འདེད་བཏང་སྟེ་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་རྒྱུར་ལེགས་སྐྱེས་འབུལ་དགོས་པའི་ངོས་འཛིན་མཐའ་གཅིག་ཏུ་བྱས་པ་རེད། ཚང་མས་ཚོགས་ཆེན་བཅུ་དགུ་པའི་ཐོག་དུས་རབས་གསར་པའི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་འཐབ་ཇུས་བཀོད་སྒྲིག་བྱས་ཡོད་པས་ཀྲུང་དབྱང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བླང་བྱ་གཞིར་བཟུང་བསམ་བློའི་འདུ་ཤེས་བསྒྱུར་ཏེ་ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ཁོང་དུ་ཆུད་པ་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཚོགས་ཆེན་གྱི་དགོངས་དོན་གསལ་པོ་ཤེས་པ་དང་། མཐར་ཕྱིན་པ་ཤེས་པ། དོན་འཁྱོལ་ཏན་ཏིག་བཅས་ལ་འབད་བརྩོན་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་སྟོན་བྱེད་པ། ལྗོངས་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ཁག་ལ་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།
བོད་ཀྱིས་སྣོད་བཅུད་སྲུང་སྐྱོང་ཡག་པོ་བྱེད་པ་དང་ཀྲུང་ཧྭ་ཡི་ཆུ་གསོག་མཐོ་ལྕོག་ཡག་པོ་བསྲུངས་ནས་སྐར་མ་ཞོ་བརླག་ལྟ་བུ་བྱེད་མི་རུང་། སྣོད་བཅུད་ཐད་གནད་དོན་ཐོན་ཚེ་གསབ་ཐབས་བྲལ། སྣོད་བཅུད་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་གངས་ལྗོངས་ས་མཐོའི་རྩྭ་རྩི་ཤིང་དང་རི་ཆུ་ཡག་པོ་བསྲུངས་ནས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་ཧུར་ཐག་གཏོད་དགོས་ཞེས་བོད་ལྗོངས་སློབ་ཆེན་ཡུལ་སྐོར་དང་ཕྱི་རྒྱལ་སྐད་ཡིག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཧུའུ་ཧའེ་ཡན་གྱིས་བཤད། “མཛེས་སྡུག་ལྡན་པའི་ཀྲུང་གོ”ནི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་གི་བརྗོད་ཚུལ་གསར་པ་ཞིག་ཡིན་པས་དེ་ཐོག་ནས་འབྱུང་འགྱུར་ང་ཚོས་སྔར་བས་སྣོད་བཅུད་བདེ་འཇགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས་པ་མཚོན་ཐུབ་པ་དང་ལྷག་པར་དུ་ཡུལ་སྐོར་གྱི་ཐད་ནས་བལྟས་ཚེ་ང་ཚོར་གནད་དོན་གསར་པ་ཁ་ཤས་འཕྲད་སྲིད། བོད་ཀྱི་སྣོད་བཅུད་ཁོར་ཡུག་མ་གཞི་ནས་ཞན་པའི་ཁར་ཡུལ་སྐོར་ལས་རིགས་དང་ལྷག་པར་དུ་རྒྱལ་ནང་གི་ཡུལ་སྐོར་ཁྲོམ་ར་འཕེལ་རྒྱས་མགྱོགས་མྱུར་ཕྱིན་པ་དེས་ལྗོངས་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་ལ་འགྲན་སློང་ཆེན་པོ་ཞིག་འཕྲད་སྲིད། ཡུལ་སྐོར་བར་སྤུས་ལེགས་ཀྱི་ཡུལ་སྐོར་མྱོང་རོལ་མཁོ་འདོན་ཐུབ་པ་དང་ཆབས་ཅིག ང་ཚོས་ཁོར་ཡུག་གི་ཐེག་ཚད་ལའང་ཚན་རིག་དང་མཐུན་པའི་འཆར་འགོད་བྱས་ནས་ང་ཚོའི་སྣོད་བཅུད་བདེ་འཇགས་འགན་ལེན་ཐུབ་པ་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད།
སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ནི་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་གི་ཇུས་ཆེན་ཞིག་རེད། བོད་ཀྱི་མི་རིགས་ཁག་གི་མང་ཚོགས་ཁྲི་300ལྷག་ཙམ་གྱིས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་རྒྱུའི་མཐའ་འཁྱོངས་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་སྣོད་བཅུད་ཤེས་དཔལ་གྱི་ལྟ་བ་བརྟན་པོར་བཙུགས་ནས་མི་དང་རང་བྱུང་ཁམས་ཞི་མཐུན་འཕེལ་རྒྱས་ཀྱི་དེང་རབས་ཅན་འཛུགས་སྐྱོང་གི་རྣམ་པ་གསར་པ་ཆགས་རྒྱུར་སྐུལ་འདེད་བཏང་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་ཐོག་དག་ཞིང་མཐའ་མ་དེ་ཡིན་པའི་བོད་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱེད་དགོས།