དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • སྔོ་ཞིང་དྭངས་བའི་རི་ཆུ་བསྲུངས། གསེར་རི་དངུལ་རི་ནམ་ཡང་གནས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-11-24

    ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་མངོན་གསལ་དོད་སར་བཞག་ནས་དམ་འཛིན་གྱིས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་དང་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སྣོད་བཅུད་ཤེས་དཔལ་གྱི་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་བ་རེད།

    2014ལོར་རྒྱལ་ཡོངས་ནགས་ཚལ་ཐོན་ཁུངས་ཀྱི་རིགས་གཉིས་པའི་བརྟག་དཔྱད་གྲངས་གཞི་ལས་མངོན་པར། ལྷོ་ཁ་གྲོང་ཁྱེར་དུ་ནགས་ཚལ་རྒྱ་ཁྱོན་སྤྱི་ཆིང་ཁྲི་118.28དང་། ནགས་ཚལ་ཁྱབ་ཚད་24.79% ལྗོན་ཤིང་གསོག་འཇོག་བྱེད་ཚད་སྨི་ངོས་གྲུ་ཁྲི་3463.29བཅས་ཟིན་ཡོད། མིས་བཟོས་ནགས་ཚལ་གྱི་རྒྱ་ཁྱོན་སྤྱི་ཆིང་ཁྲི་3.26དང་། ནགས་ཁུལ་གྱི་རྒྱ་ཁྱོན་སྤྱི་ཆིང་ཁྲི་130.7 འདམ་རའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་23བཅས་ཟིན་ཡོད།

    སྣོད་བཅུད་དབུལ་སྐྱོར་ལས་ཡོང་འབབ་མངོན་གསལ་དོད་པོས་མང་དུ་སོང་བ།

    ཡར་ཀླུང་གི་ས་གཞི་ཆེ་མོར་སྐྱོད་སྐབས་མི་ཚོ་ཧང་སངས་དགོས་པ་ཞིག་ལ། དེ་སྔའི་སྐྱ་ཐེར་ཐེར་གྱི་བྱེ་ཐང་ད་ཆ་སྔོ་ཐིང་ངེར་གྱུར་པ་མ་ཟད། རི་བོང་དང་རི་བྱ་ལ་སོགས་བདག་ཏུ་མ་བཟུང་བའི་སྲོག་ཆགས་མང་དུ་སོང་བ་དང་། ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་ཆ་རྐྱེན་ལེགས་སུ་ནུས་ལྡན་ཕྱིན་ནས་སྣོད་བཅུད་ཁོར་ཡུག་དང་མི་སྡོད་ཁོར་ཡུག་ལེགས་སུ་སོང་བ་དེ་དག་ཚང་མ་ནི་ལྷོ་ཁ་གྲོང་ཁྱེར་གྱིས་ནགས་ལས་སྣོད་བཅུད་འཛུགས་སྐྱོང་བྱས་པ་ལས་བྱུང་བའི་ལྗང་མདོག་གི་ཕན་བདེ་རེད།

    ལྷོ་ཁ་གྲོང་ཁྱེར་གྱིས་སྣོད་བཅུད་ལ་བརྟེན་ནས་དབུལ་སྐྱོར་བྱེད་པའི་ལས་ཀའི་བཀྲག་མདངས་འཚེར་ས་མངོན་གསལ་དོད་པ་དང་། ལོ་ཧྲིལ་པོར་འཆར་བཞི་བཞིན་ནགས་ལས་བདག་སྐྱོང་ལ་མ་དངུལ་སྒོར་ཁྲི་6954.82དང་། སྣོད་བཅུད་ལ་བརྟེན་ནས་དབུལ་སྒྲོལ་བྱེད་པའི་ལས་གནས་ལ་མ་དངུལ་སྒོར་ཁྲི་7101.3 ལས་གནས་30477བཅས་བཀོད་སྒྲིག་བྱས་ཡོད་པ་རེད། དེ་དང་ཆབས་ཅིག་གྲོང་ཁྱེར་ཡོངས་ཀྱི་ནགས་ལས་རྫོང་བཞི་རུ་སྤྱི་ཕན་ནགས་ལས་ཆེད་ལས་ཀྱི་བདག་སྐྱོང་ས་ཚིགས་གཙོ་བོ་20བཙུགས་པ་དང་། ཆེད་ལས་བདག་སྐྱོང་མི་སྣ་104ཡོད་པ་དང་། ལོ་ཧྲིལ་པོར་ཆེད་ལས་བདག་སྐྱོང་མ་དངུལ་སྒོར་ཁྲི་231.84གཏོང་གི་ཡོད། དེ་མིན་སྔོན་རྩིས་བྱས་ན་ལོ་ཧྲིལ་པོར་ཞིང་འབྲོག་པས་ནགས་བཟོའི་རྣམ་གྲངས་དང་བྱེ་འགོག་བྱེ་བཅོས་ཀྱི་ལས་གྲྭ་སོགས་སུ་ཞུགས་པར་འབབ་འཕར་སྒོར་ཁྲི་9000ཡོང་བཟོ་ཡོད་པ་རེད།

    སྡོང་ཕྲུག་ར་བའི་རྟེན་གཞི་ཉིན་བཞིན་མང་དུ་སོང་བ།

    “ང་ཚོས་ཤིང་འཛུགས་ནགས་བཟོ་བྱས་པ་བརྒྱུད། དངུལ་གསོག་ཐུབ་པ་མ་ཟད། ད་དུང་ང་ཚོའི་འཚོ་སྡོད་ཁོར་ཡུག་ལེགས་སུ་སོང་ཡོད། ང་ཚོས་ཉེ་འགྲམ་གྱི་སྡོང་ཕྲུག་ར་བའི་རྟེན་གཞི་སྔར་བས་མང་དུ་འགྲོ་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་བདེ་སྐྱིད་གྲོང་གསར་གྱི་གྲོང་མི་པད་མས་བཤད།

    མིག་སྔར། ལྷོ་ཁ་གྲོང་ཁྱེར་དུ་ཁྱོན་སྡོང་ཕྲུག་ར་བ་42ཡོད་པར་སྤྱིའི་རྒྱ་ཁྱོན་ལ་མུའུ་6286ཟིན་པ་དང་། སྡོང་རྐང་སྣ་ཚོགས་9967736ཡོད་པར་ད་ལྟའི་ཁྲོམ་རའི་རིན་གོང་གཞིར་བཟུང་རྩིས་ན་གྲོང་ཁྱེར་ཡོངས་ཀྱི་སྡོང་རྐང་སྣ་ཚོགས་ཀྱི་བསྡོམས་འབོར་སྒོར་ཁྲི་28422ཟིན་གྱི་ཡོད། ཤིན་ཅང་གི་སྦྱར་པ་དང་། ཡོ་འབོག སྨྱུག་མ་སོགས་འདེབས་གསོ་གཙོ་བོ་བྱེད་པ་དང་། གངས་གསོམ་དང་ཐང་ཤིང་སྤྲིན་རིས་སོགས་ཕལ་པར་བྱེད་ཀྱི་ཡོད། དེ་མིན་སྡོང་ཕྲུག་ར་བ་ཁ་ཤས་སུ་ད་དུང་ཀུ་ཤུ་དང་། སྟར་ཁ། ཁམ་བུ། ལི། གཡེར་མ་སོགས་དཔལ་འབྱོར་ནགས་ཚལ་གྱི་སྡོང་ཕྲུག་དང་རྒྱ་སེའི་མེ་ཏོག་སོགས་ཀྱི་སྡོང་ཕྲུག་འདེབས་གསོ་བྱེད་ཀྱི་ཡོད་པ་རེད།

    དེ་དང་ཆབས་ཅིག ལྷོ་ཁ་གྲོང་ཁྱེར་ནགས་ལས་ཅུས་ཀྱིས་ད་དུང“མུའུ་སྟོང་བཞི་དང་མུའུ་ཁྲི་གཅིག”གི་སྡོང་ཕྲུག་ར་བའི་རྟེན་གཞི་འཛུགས་སྐྲུན་གྱི་རྣམ་གྲངས་ལ་སྐུལ་འདེད་ཧུར་ཐག་བཏང་བས་སྔོན་རྩིས་བྱས་ན་2019ལོའི་ལོ་མཇུག་ཏུ་སྤྱོད་འགོ་འཛུགས་རྒྱུ་ཡིན་པ་རེད།

    ནགས་ལས་ཐོན་ལས་ཀྱི་རྣམ་པ་རགས་ཙམ་ཆགས་པ།

    རི་རྒོད་སྔོ་ཐིང་ངེར་གྱུར་པ་དང་། སྣོད་བཅུད་ལེགས་སུ་སོང་བ། མི་དམངས་ཕྱུག་པོར་གྱུར་བ་བཅས་དེ་དག་ཚང་མ་ནི་ལྷོ་ཁ་བའི་ཡུན་རིང་གི་ཕུགས་འདུན་རེད།

    ལྷོ་ཁ་གྲོང་ཁྱེར་གྱིས་མང་ཚོགས་ལ་སྒོ་རའི་ནང་དང་། ཁང་པའི་རྒྱབ་མདུན། ཞིང་ནང་། ཐང་རྒོད་བཅས་སུ་རྒྱ་ཁྱོན་ཆེ་བའི་ལྗོན་ཤིང་འདེབས་འཛུགས་སྐུལ་སློང་བྱས་པ་དང་འབྲེལ། སྔོན་ཐོན་གྱི་འདེབས་གསོའི་ལག་རྩལ་ཁྱབ་གདལ་ཤུགས་ཆེན་བཏང་ནས་རྒོད་དང་ཐང་རྒོད་ལྗང་མདོག་ཏུ་གྱུར་མགྱོགས་སུ་བཏང་བ་དང་། ས་ཆུ་ཤོར་བ་དང་། གནམ་གཤིས་སྙོམ་སྒྲིག སྣོད་བཅུད་ཁོར་ཡུག་ལེགས་གཏོང་བཅས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་བཏོན་པ་དང་ཆབས་ཅིག་མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་འདེད་བཏང་ནས་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་རྨང་གཞི་ངེས་ཅན་ཞིག་བཏིང་ཡོད།

    བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། འདི་ལོའི་ཟླ་7པའི་བར། ལྷོ་ས་གྲོང་ཁྱེར་གྱིས་དཔལ་འབྱོར་ནགས་ཚལ་མུའུ་6265.4གསར་སྣོན་བྱས་ནས་གྲོང་ཁྱེར་དེ་ཡོངས་སུ་དཔལ་འབྱོར་ནགས་ཚལ་ལྡན་ཚད་མུའུ་35258.2ཟིན་ནས་ལོའི་ཐོན་འབབ་ཏུན་2974.2ཟིན་པའི་ཁྲོད་སྟར་ཁ་གཙོ་བོར་བྱས་པའི་ཤིང་ཏོག་སྐམ་པོའི་ཐོན་ལས་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་ལྷག་པར་དུ་རྒྱ་ཚ་རྫོང་གི“བླ་མཚོ”རྟགས་ཅན་གྱི་སྟར་ཁའི་སྣུམ་2011ལོར་ཀྲེ་ཅང་དབྱི་ཝུའུ་རུ་གཉེར་བའི་སྐབས་དང་པོའི་རྒྱལ་སྤྱིའི་ནགས་ལས་ཐོན་ཟོག་གི་་འགྲེམས་སྟོན་ཐོག“སྤུས་རྟགས་བྱ་དགའ”ཐོབ་པ་རེད།

    མིག་སྔར་རྒྱ་ཚ་རྫོང་དུ་སྟར་ཁའི་སྡོང་ཕྲུག་ཁྲི་2.5ལྷག་ཙམ་ཡོད་པར་ལོར་སྟར་ཁ་ཏུན་1800ཐོན་གྱི་ཡོད་པ་རེད། མཚོ་སྣ་རྫོང་གི་ཇ་ལོ་དང་། ལྷོ་བྲག་རྫོང་གི་འབྲས་ཤིང་དཔལ་འབྱོར། སྨྱུག་ལས་ལས་སྣོན། ལྷུན་རྩེ་རྫོང་གི་སྒོ་རའི་དཔལ་འབྱོར་དང་སྨྱུག་ལས་ལས་སྣོན་ལ་ཕན་འབྲས་ཐོན་ནས་ལྷོ་ཁ་གྲོང་ཁྱེར་གྱིས་ནགས་ལས་དང་ཤིང་འབྲས་ཐོན་ལས་སུ་བྱེད་པའི་དཔལ་འབྱོར་གྱི་རྣམ་པ་རགས་ཙམ་ཆགས་ཟིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།