ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས“སྣོད་བཅུད་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བའི”འཐབ་ཇུས་ལག་ལེན་ཤུགས་ཆེན་བསྟར་བའི་ཁར། རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་སྔོན་ལ་འཛུགས་སྐྱོང་བྱེད་པའི་དཔེ་སྟོན་ཁུལ་དང“སྣོད་བཅུད་བཟང་བའི་དཔེ་སྟོན་ཁུལ”བསྐྲུན་རྒྱུར་སྐུལ་མ་མགྱོགས་སུ་བཏང་བས་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། མིག་སྔར་གྲོང་ཁྱེར་ཡོངས་ཀྱི་ཆུ་འགོའི་ཁུལ་གྱི་ཆུའི་སྤུས་ཚད་ལོན་ཚད་100%ཟིན་པ་དང་། མཁའ་རླུང་གི་སྤུས་ཚད་བཟང་ཚད་97%ཡན་རྒྱུན་འཁྱོངས་ཐུབ་པ། རྫོང་ཁོངས་ཀྱི་ཁོར་ཡུག་སྤུས་ཚད་དཔྱད་ཞིབ་ལོ་གསུམ་བསྟུད་མར་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་བཅས་རེད།
ལོ་ལྟར་དཔྱིད་ཀ་འཆར་རིམ་བཞིན་ཡར་ཀླུང་གི་ས་གཞི་ཆེ་མོར་ཤིང་འཛུགས་ནགས་བཟོ་ཚ་ཚ་འུར་འུར་ངང་བྱས་ནས“ལྗང་མདོག་ཕོ་ཉ”མི་རེ་ངོ་རེས་མཛེས་སྡུག་ལྡན་པའི་ལྷོ་ཁ་མངོན་འགྱུར་ཆེད་འབད་བརྩོན་ལྷོད་མེད་བྱེད་བཞིན་མཆིས།
ཁྱོན་ཡོངས་ལ་ཁེབས་པའི་ཚན་རིག་དང་མཐུན་པའི་སྲུང་སྐྱོང་མ་ལག་ཅིག་བཏོད་པ།
ལྷོ་ཁ་གྲོང་ཁྱེར་ནགས་ལས་ཅུས་ཀྱི་ཅུས་ཀྲང་ངག་དབང་རྡོ་རྗེས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་ཤིང་འཛུགས་ནགས་བཟོ་དང་བྱེ་འགོག་བྱེ་བཅོས་སོགས་ཀྱི་ལས་གྲྭ་ཤུགས་ཆེན་སྤེལ་ནས་ཉེ་བའི་ལོ་གསུམ་རིང་མུའུ་ཁྲི་51.3ལ་ཤིང་འཛུགས་ནགས་བཟོ་དང་མུའུ་ཁྲི་20ལ་རི་རྒྱ་བསྡམས་ནས་ནགས་བཟོ་བྱས་པ་དང་། མུའུ་སྟོང་ལོན་པའི་ཤིང་འཛུགས་ནགས་བཟོའི་དཔེ་སྟོན་ཁུལ་3དང་འབྲས་ཤིང་དཔེ་སྟོན་ཁུལ་2 མུའུ་ཁྲི་ལོན་པའི་མི་ཐབས་ལ་བརྟེན་ནས་རྩྭ་འདེབས་ཀྱི་དཔེ་སྟོན་ཁུལ་2བཅས་བསྐྲུན་ནས་ལྷོ་ཁ་ཉིད་རྒྱལ་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་ཀྱི་ཕྱོགས་བསྡུས་དཔེ་སྟོན་ཁུལ་ཞིག་ཏུ་བཏོད་ཡོད།
“འཛུགས་སྐྲུན་སྔོན་ལ་བྱེད་པ་དང་སྲུང་སྐྱོང་མཉམ་དུ་དམ་འཛིན་བྱས་པ” ལྷོ་ཁ་གྲོང་ཁྱེར་གྱིས་ཤིན་ཏུ་ནན་པའི་སྣོད་བཅུད་སྲུང་སྐྱོང་སྲིད་ཇུས་ལག་ལེན་བསྟར་ཏེ་ས་ཁོངས་ཡོངས་ལ་ཁེབས་པའི་ཚན་རིག་དང་མཐུན་པའི་སྲུང་སྐྱོང་མ་ལག་ཅིག་བཏོད་དེ། ཁྱོན་ཡོངས་ནས“ཆུ་དཔོན་ལམ་ལུགས”བཙུགས་ཏེ་ཡར་འབྲོག་གཡུ་མཚོའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་ཡར་ཀླུང་གཙང་པོའི་ཆུ་འགོའི་སྣོད་བཅུད་བྱེད་ནུས་ཁུལ་སྲུང་སྐྱོང་སོགས་ཀྱི་རྣམ་གྲངས་ལག་ལེན་བསྟར་ནས་རྒྱལ་ཁབ་རིམ་པའི་མཛེས་ལྗོངས་གྲགས་ཅན་ཁུལ་1དང་། རང་བྱུང་སྲུང་སྐྱོང་ཁུལ་1 ནགས་ཚལ་སྤྱི་གླིང་1 རང་སྐྱོང་ལྗོངས་རིམ་པའི་མཛེས་ལྗོངས་གྲགས་ཅན་ཁུལ་4བཅས་བསྐྲུན་ཡོད།
བརྒྱུད་རིམ་ཧྲིལ་པོ་གསར་གཏོད་བྱས་ནས་ཕུགས་ཕན་དོ་དམ་ལམ་སྲོལ་བཙུགས་པ།
“གསར་གཏོད་ནི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་སྒུལ་ཤུགས་དང་པོ་ཡིན”ལྷོ་ཁ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་སྣོད་བཅུད་སྲུང་སྐྱོང་བྱ་རྒྱུ་མཐའ་ཚད་དང་། དམར་ཐིག གློག་ཆེན་ཞིག་ཏུ་བརྩིས་ནས་ལམ་ལུགས་ལ་བརྟེན་ཏེ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གསར་གཏོད་ལ་སྐུལ་མ་བཏང་ཞིང་། མཉམ་འགུལ་ཁྲིམས་འཛིན་གྱི་ལྟ་སྡོམ་ལམ་ལུགས་བཟོས་ནས་ཉེ་བའི་ལོ་གསུམ་རིང་། ཞིབ་བཤེར་སྣ་ཚོགས་ཐེངས་3007བྱས་པ་དང་། བཅོས་སྒྲིག་བརྡ་ཐོ་68བཏང་བ། དངུལ་ཆད་སྒོར་ཁྲི་200ལྷག་བཅད་པ་བཅས་རེད།
—— ཁོར་ཡུག་སྲུང་སྐྱོང་གི་ཡིད་རྟོན་གདེང་འཇོག་ལམ་ལུགས་བཟོས་པ། ཁོར་ཡུག་སྲུང་སྐྱོང་གི་ཡིད་རྟོན་དང་རོགས་སྐྱོར་སྲིད་ཇུས་ཟུང་སྦྲེལ་གྱིས་ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་ལུགས་ཁྲིམས་སྲོལ་དང་འགལ་མཁན་ཁེ་ལས་ལ་ཁོར་ཡུག་ལ་གཏོར་སྐྱོན་བཏང་བའི་ཚབས་ཆེ་ཆུང་ལ་གཞིགས་ནས་ཁྲིམས་འཛིན་ནན་པོ་བྱས་པ་དང་། ཚབས་ལྗི་གྲས“མིང་གཞུང་ནག་པོར”བཅུག་པ།
—— ཁོར་ཡུག་སྲུང་སྐྱོང་སྲིད་ཇུས་ཀྱི་ཁྲིད་སྟོན་ལམ་ལུགས་བཟོས་པ། སྲིད་གཞུང་གིས་ལྗང་མདོག་ཐོན་ཟོག་ཉོ་སྒྲུབ་དང་ཁོར་ཡུག་གི་མཚོན་རྟགས་ཐོན་ཟོག་གི་གསལ་ཐོ་གཏན་ལ་ཕབ་ནས་ནུས་རྒྱུ་གྲོན་ཆུང་གི་ཁོར་ཡུག་སྲུང་སྐྱོང་ཐོན་ཟོག་ཁྱབ་གདལ་གཏོང་བའི་ཁ་གསབ་དང་སྲིད་གཞུང་གི་བཙན་ཐབས་ཉོ་སྒྲུབ་ལམ་ལུགས་བཙུགས་ཏེ་འབྲེལ་ཡོད་ཐོན་ཟོག་སྲིད་གཞུང་གི་ལྗང་མདོག་ཐོན་ཟོག་ཉོ་སྒྲུབ་ཀྱི་བསྡུར་ཚད་ནང་89%ཟིན་པ་བྱས་ཡོད།
ཁྱོན་ཡོངས་ལ་སྣེ་ཁྲིད་ཀྱིས་སྣོད་བཅུད་ཕན་འབྲས་སྣ་མང་ཐོན་པར་བྱས་པ།
“སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་མི་ཚང་མ་ཞུགས་པ་དང་ཚང་མར་ཕན་པ་ཐོབ་པར་བྱས་པ”ལྷོ་ཁ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་ལ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོར་མཉམ་འདྲེས་ཡོང་བ་མཐའ་འཁྱོངས་ཀྱིས་སྣོད་བཅུད་དང་། སྤྱི་ཚོགས། དཔལ་འབྱོར་བཅས་ཀྱི་ཕན་འབྲས་གཅིག་ལ་གཅིག་རྟེན་ངང་གཅིག་གྱུར་ཐུབ་ཅིང་། སྣོད་བཅུད་+ཐོན་ལས་འཕེལ་རྒྱས་གཏོང་སྟངས་བཏོད་ནས་སྣོད་བཅུད་འཛུགས་སྐྱོང་ཐོན་ལས་ཅན་དང་ཐོན་ལས་འཕེལ་རྒྱས་ཀྱི་སྣོད་བཅུད་ཅན་དུ་འགྱུར་བའི་ལམ་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ། ནུས་རྒྱུ་གཙང་མ་དང་སྐྱེ་ལྡན་སྨན་བཟོ་སོགས“ཐོན་ལས་ཆེན་པོ་དགུ”གཏན་ལ་ཕབ་པ་རེད། སྦྲང་ཁམ་མུའུ་བརྒྱ་དང་། རྒུན་འབྲུམ་མུའུ་སྟོང་། ཞོག་དམར་མུའུ་ཁྲི་འདེབས་པ་སོགས་ཀྱི་ལྗང་མདོག་ཐོན་ལས་ཀྱི“མུའུ་བརྒྱ་སྟོང་ཁྲིའི”འདུ་འགོད་ལག་ལེན་བསྟར་བའི་ཁར“འདེབས་པ་དང་། ཐོན་སྐྱེད། བྲིན་ཚོང”བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་སྦྲེལ་མཐུད་ཀྱི་ལམ་སྲོལ་སྤྱད་དེ་སྦྲང་ཁམ་མཁོ་སྤྲོད་རྟེན་གཞི་རགས་ཙམ་ཆགས་ཐུབ་པ་བྱུང་ཡོད།
—— སྣོད་བཅུད་+གནད་སྨིན་དབུལ་སྐྱོར་བྱེད་སྟངས་བཏོད་པ། སྣོད་བཅུད་ཕན་འབྲས་ཀྱི་ཁ་གསབ་དངུལ་དུས་ཐོག་ཏུ་སྤྲད་པའི་ཁར་སྣོད་བཅུད་དབུལ་སྐྱོར་ལས་གནས་ཁྲི་4.5དོན་འཁྱོལ་བྱས་ནས་མང་ཚོགས་དབུལ་པོ་ནགས་བཟོ་སྔོ་འགྱུར་འདུ་འགོད་ནང་ཞུགས་སུ་བཅུག་ནས་དངུལ་སྨར་འཕར་ཐབས་བྱས་པ་རེད།
—— སྣོད་བཅུད+གྲོང་ཁྱེར་དང་གྲོང་གསེབ་སྤྱི་འདོམས་ངང་འཕེལ་རྒྱས་གཏོང་སྟངས་བཏོད་པ། མ་དངུལ་སྒོར་དུང་ཕྱུར་5བསྡུ་སྒྲིལ་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་550ཡི་གྲོང་གསེབ་ཀྱི་གནས་མལ་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་གི་འདུ་འགོད་ལེགས་སྒྲུབ་བྱས་ཤིང་། རྩེད་ཐང་དང་བསམ་ཡས་གྲོང་རྡལ་གཉིས་རྒྱལ་ཁབ་རིམ་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་ཚོད་ལྟའི་ནང་བཅུག་པ་དང་། སྣེ་གདོང་ཆུས་སྦྱིན་ཀླུ་གྲོང་ལྷན་རྒྱལ་ཁབ་རིམ་པའི་སྣོད་བཅུད་དཔེ་སྟོན་གྲོང་ཚོར་བཅུག་ཡོད། མིག་སྔའི་བར། ལྷོ་ཁ་གྲོང་ཁྱེར་གྱིས་སྣོད་བཅུད་ཤེས་དཔལ་གྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་7དང་། རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་ཤང་དང་གྲོང་རྡལ་43 རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་གྲོང་ཚོའི་སྡོད་ཁུལ་234བཅས་བསྐྲུན་ཡོད།
—— སྣོད་བཅུད+གནས་སྤོ་མཐའ་བརྟན་གྱི་འཕེལ་རྒྱས་གཏོང་སྟངས་བཏོད་པ། “སྣོད་བཅུད་ལས་གནས་ལ་ལྟ་རྟོག་དང་། ཐོན་ལས་དབུལ་སྐྱོར་རྗེས་ཟིན་པ”བྱས་པ་བརྒྱུད། མཐའ་བརྟན་དམངས་ཕྱུག་ཤང་ཧྲིལ་པོར་སྐུལ་འདེད་གཏོང་བའི་ཚོད་ལྟའི་འདུ་འགོད་གསར་གཏོད་ཀྱིས་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་96བསྐྲུན་རྒྱུ་སྔོན་ལ་བཀོད་སྒྲིག་བྱས་པ་དང་། ཐེམ་དུད་304ཡི་མི་གྲངས་1137ལ་ས་བབ་མཐོ་བའི་སྣོད་བཅུད་གནས་སྤོའི་འདུ་འགོད་ཚོད་ལྟའི་ངང་སྤེལ་ནས་མང་ཚོགས་ཀྱིས་བློ་བདེ་བག་ཕེབས་ངང་མཐའ་མཚམས་སྲུང་བ་དང་སྣོད་བཅུད་ལ་བརྟེན་ནས་མཐའ་མཚམས་བསྲུང་རྒྱུར་ཁྲིད་སྟོན་བྱས་ཡོད།