ཁྲུང་ཁྲུང་མཇིང་ནག་ལ་མི་རྣམས་ཀྱིས“བྱ་རིགས་ཀྱི་དོམ་ཁྲ”ཞེས་འབོད་ཀྱི་ཡོད། དེ་ནི་འཛམ་གླིང་ཐོག་གི་ཁྲུང་ཁྲུང་རིགས་15ཡི་ནང་ནས་ཤེས་རྟོགས་ཐུབ་ཕྱི་ཤོས་དང་ས་མཐོའི་ཐོག་སྐྱེ་འཕེལ་དགུན་སྒྲོལ་བྱེད་མཁན་ཁྲུང་ཁྲུང་གི་རིགས་གཅིག་པུ་དེ་ཡིན། ད་ཐེངས་ཁྲུང་ཁྲུང་མཇིང་ནག་ཁྱུ་གཅིག་ཧེ་ཧོའི་འདམ་རར་གནས་སྤོ་བྱས་པ་ནི་ཧ་ཅང་མཐོང་དཀོན་པ་ཞིག་རེད། དུས་རབས་གོང་མའི་ལོ་རབས་80པའི་ལོ་འགོར་གོ་ལ་ཧྲིལ་པོར་ཁྲུང་ཁྲུང་མཇིང་ནག་གི་རིགས་ཁྱུ་2000ཙམ་ཡོད་པ་དང་། དེ་དག་སྟོངས་ཉེན་ཆེན་པོ་ཡོད་པ་རེད། དེ་རྗེས་ཁྲུང་ཁྲུང་མཇིང་ནག་འཚོ་གནས་བྱེད་ཡུལ་ཡུན་ནན་དང་། སི་ཁྲོན། མཚོ་སྔོན། ཤིན་ཅང་། ཀན་སུའུ་སོགས་ཀྱི་ས་ཆར་སྲུང་སྐྱོང་ཁུལ་དང་འདམ་ར་འཛུགས་པ་སོགས་ཀྱི་བྱ་ཐབས་སྤྱད་ནས་ཁྲུང་ཁྲུང་མཇིང་ནག་སྲུང་སྐྱོང་བྱས་ཡོད། མིག་སྔར་གོ་ལ་ཡོངས་སུ་ཁྲུང་ཁྲུང་མཇིང་ནག་གི་གྲངས་འབོར་11000ཙམ་ཡོད་པ་དག་མང་ཆེ་བ་ཀྲུང་གོར་ཁྱབ་ཡོད་པ་དང་། དེ་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་སུ་གཏོགས་ཀྱི་ཡོད། 《སྟོངས་ལ་ཁད་ཀྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་རིགས་ཀྱི་རྒྱལ་སྤྱིའི་ཉོ་ཚོང་སྤྱི་ཆིངས》དང་རྒྱལ་སྤྱིའི་འདབ་ཆགས་རིགས་ཀྱི་རྒྱབ་ཤ་དམར་པོའི་དེབ་ཏུའང་ཁྲུང་ཁྲུང་མཇིང་ནག་གོ་ལ་ཧྲིལ་པོའི་འཕྲལ་དུ་མྱུར་སྐྱོབ་བྱེད་པའི་བྱ་རིགས་སུ་གཏན་འཁེལ་བྱས་ཡོད།
ཉེ་ཆར་དགུན་སྒྲོལ་བྱེད་པའི་ཁྲུང་ཁྲུང་མཇིང་ནག་100ལྷག་ཙམ་ཀན་སུའུ་ཀྲང་ཡེའི་ཧེ་ཧོའི་འདམ་རའི་སྨད་རྒྱུད་ཀྱི་ཀའོ་ཐའེ་རྫོང་ཞའོ་ཧེ་ཙེ་ཁུ་ཆུས་སུ་འཕུར་ལྡིང་གིས་ཟས་འཚོལ་བཞིན་ཡོད་ཅིང་། འདི་ནི་ཧེ་ཧོའི་ཆུ་རྒྱུད་འདམ་རའི་མཁའ་དབྱིངས་སུ་འཕུར་བཞིན་པའི་ཁྲུང་ཁྲུང་གི་ཁྱུ་ཡིན་པ།