དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • རང་ལྗོངས་ཀྱི་ཚོགས་ཆེན་བཅུ་དགུ་པའི་འཐུས་མིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་དོ་ཁུར་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-10-23

    ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང“སྣོད་བཅུད་ཤེས་དཔལ་གྱི་སྒྲིག་གཞི་སྒྱུར་བཅོས་བྱེད་མགྱོགས་སུ་བཏང་སྟེ་ཡིད་འོང་ཀྲུང་གོ་སྐྲུན་དགོས་པ”གཙོ་བོར་བསྟན་ཡོད།

    མཚོ་བོད་ས་མཐོ་ནི་འཛམ་གླིང་གི་ཡང་རྩེ་དང་། ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག སའི་གོ་ལའི་ཡང་རྩེ་བཅས་ཡིན་ལ། རང་རྒྱལ་གྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཀྱང་ཡིན།

    ཚོགས་ཆེན་བཅུ་དགུ་པའི་འཐུས་མི། ཉིང་ཁྲི་གྲོང་ཨུད་ཀྱི་ཧྲུའུ་ཅི་མ་ཧྲེང་ཁྲང་གིས་ཏང་ཀྲུང་དབྱང་གིས་སྔར་ནས་བཟུང་རང་ལྗོངས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་མཐོང་ཧ་ཅང་ཆེན་པོ་གནང་གི་ཡོད་པ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྱོང་གི་ལས་དོན་ལ་མཛུབ་ཁྲིད་གལ་ཆེན་ཐེངས་མང་གནང་སྟེ་བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་འགག་རྩ་ནི་འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས“དོན་ཆེན་གསུམ”ལ་དམ་འཛིན་བྱེད་དགོས་པ་ཁ་གསལ་བསྟན་གནང་བ་དང“མཚོ་བོད་ས་མཐོའི་རིན་ཐང་མཐོ་ཤོས་ནི་སྣོད་བཅུད་དང་། འགན་འཁྲི་ཆེ་ཤོས་ནི་སྣོད་བཅུད། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་ནི་སྣོད་བཅུད་བཅས་ཡིན་པ”དང“རྩིས་ཆེན་པོ་རྒྱག་པ་དང་། ཕུགས་ཀྱི་རྩིས་རྒྱག་པ། སྣོད་བཅུད་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་སྣོད་བཅུད་ཁོར་ཡུག་ལ་གཏོར་སྐྱོན་བཏང་ནས་དཔལ་འབྱོར་འཕེལ་རྒྱས་གཏན་ནས་གཏོང་མི་རུང”ཞེས་ནན་བཤད་གནང་བ་རེད།

    མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་པར་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ“ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད”ཤུགས་ཆེན་གཏོང་དགོས། འཐུས་མི་མ་ཧྲེང་ཁྲང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་བོད་ཀྱི་འཐུས་མི་ཚོགས་པའི་སྒོ་འབྱེད་ཉིན་མོར་གསར་འགོད་པས་བཏོན་པའི་དྲི་བར་ལན་བསྐྱོན་སྐབས་ཁོང་གིས། བོད་དུ་ཁོར་ཡུག་སྲུང་སྐྱོང་གི“སྤ་སེ་གཅིག་གིས་ཁྲུ་སློག་པའི”ལམ་ལུགས་ལག་ལེན་བསྟར་བ་དང“མཐོ་གསུམ”ཁེ་ལས་དང་རྣམ་གྲངས་ལ་ཆོག་མཆན་གཏན་ནས་མི་སྤྲོད་པ་དང་ནང་འདྲེན་གཏན་ནས་བྱེད་ཀྱི་མེད་པས། འབྱུང་རྩ་ནས་ཁོར་ཡུག་སྦགས་བཙོག་དང་སྣོད་བཅུད་གཏོར་སྐྱོན་ལ་ཚོད་འཛིན་བྱས་ཡོད་ཅེས་གསུངས།

    ས་བབ་མཐོ་ཚད་སྨི་4500ཡན་དུ་ཆགས་པའི་ནག་ཆུར་གསོ་རླུང་དཀོན་པ་མ་ཟད། སྣོད་བཅུད་ཀྱང་ཧ་ཅང་ཞན་པོ་ཡོད། ཚོགས་ཆེན་བཅུ་དགུ་པའི་འཐུས་མི། ནག་ཆུ་ས་ཨུད་ཀྱི་ཧྲུའུ་ཅི་སངས་རྒྱས་བཀྲ་ཤིས་ཀྱིས་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་བཏོན་པའི“སྣོད་བཅུད་མ་ལག་སྲུང་སྐྱོང་ལ་ཤུགས་སྣོན”དང“སྣོད་བཅུད་མ་ལག་གལ་ཆེན་སྲུང་སྐྱོང་དང་སླར་གསོའི་འདུ་འགོད་གལ་ཆེན་ལག་བསྟར”གྱི་རྒྱས་བཤད་ལ་ཁས་ལེན་གང་ལེགས་བྱས་ཡོད། ཁོང་གིས་ནག་ཆུས་བོད་བྱང་ཐང་གི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་ནས་རིགས་ཁག་གི་རང་བྱུང་སྲུང་སྐྱོང་ཁུལ་17དང་། རྒྱལ་སྤྱིའི་འདམ་ར་གལ་ཆེན་1 རྒྱལ་ཁབ་ཀྱི་འདམ་རའི་སྤྱི་གླིང་2བཅས་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་23.6ཟིན་པའི་རང་བྱུང་སྲུང་སྐྱོང་ཁུལ་བསྐྲུན་ཡོད། མིག་སྔར། སྣོད་བཅུད་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་དེ་སྔོན་ལ་སྲུང་སྐྱོང་དང་། གསར་སྤེལ་དང་སྲུང་སྐྱོང་གལ་ཆེ་མཉམ་དུ་བཞག་པའི་དུས་མཚམས་གསར་པར་སླེབས་ཡོད་ཅེས་གསུངས།

    ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང“ཁོར་ཡུག་གི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད”དང“གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་བྱེད་སྒོ”སྤེལ་དགོས་པ་བསྟན་ཡོད། ཚོགས་ཆེན་བཅུ་དགུ་པའི་འཐུས་མི། སྨན་གླིང་རྫོང་གནས་ཡུལ་ལྷོ་པ་མི་རིགས་ཤང་ཚལ་ཁྲོབ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི། གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བདག་པོར་དེའི་ཐད་མྱོང་ཚོར་ཟབ་མོ་བྱུང་ཞིང་། ཁོང་གིས་ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་འཛུགས་སྐྱོང་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལས་གྲྭ་ལག་ལེན་ཤུགས་ཆེན་བསྟར་བས། མཛེས་སྡུག་ལྡན་པའི་གྲོང་ཚོ་འཛུགས་སྐྲུན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅེས་གསུངས།

    འཐུས་མི་ཚོས་ཏང་གི་ཚོགས་ཆེན་བཅུ་དགུ་པས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་དེ་ཧ་ཅང་མངོན་གསལ་དོད་པའི་གནས་བབ་གལ་ཆེན་ཐོག་བཞག་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མཚོ་བོད་ས་མཐོའི་སྣོད་བཅུད་སྲུང་སྐྱོང་ཡག་པོ་བྱས་པ་ནི་ཀྲུང་ཧྭ་མི་རིགས་འཚོ་སྡོད་དང་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཕུལ་བ་ཞིག་རེད”ཅེས་པའི་ཐུགས་རེ་ཟབ་མོ་ངེས་པར་དུ་སེམས་ནང་བརྟན་པོར་ངེས་ཏེ་བོད་ཀྱི་ནམ་མཁའ་དེ་བས་སྔོ་བ་དང་། ཆུ་མོ་དེ་བས་དྭངས་བ། རི་བོ་དེ་བས་ལྗང་བ། ཁོར་ཡུག་དེ་བས་མཛེས་པ། མི་དམངས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་བཅས་ཡོང་བ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗多拉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།