ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ནག་ཆུ་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། སྣོད་བཅུད་སྲུང་སྐྱོང་བྱ་རྒྱུ་དང་དམངས་འཚོ་གང་མགྱོགས་འཕེལ་རྒྱས་དང་ལེགས་སུ་གཏོང་རྒྱུའི་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ། ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་བྱ་རྒྱུ་དང་། ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་རྒྱུ། ཁོར་ཡུག་ཁྲིམས་སྐྱོང་ལྟ་སྐུལ་བྱ་རྒྱུ་བཅས་ལ་ཤུགས་སྣོན་རྒྱག་པ་དང་སྣོད་བཅུད་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་བས་བྱང་ཐང་ས་མཐོའི་སྣོད་བཅུད་ཁོར་ཡུག་མུ་མཐུད་ལེགས་སུ་ཕྱིན་ཡོད་པ་རེད།
ལྗང་མདོག་གི་གཙོ་གནད་འདུ་འགོད་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་ཞིང་། ནག་ཆུ་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་ནག་ཆུ་ས་ཁུལ་གྱི་དོན་ཆེན་གལ་ཆེན་གྱི་བློ་འདྲི་ཨུ་ཡོན་ལྷན་ཁང་དང་། ཀྲུང་གོ་ཞིང་ལས་ཚན་རིག་ཁང་ཞིང་ལས་ཁོར་ཡུག་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཞིབ་འཇུག་ཁང་། ཀྲུང་གོ་ཞིང་ལས་ཚན་རིག་ཁང་ཞིང་ལས་ཐོན་ཁུངས་དང་ཞིང་ལས་ས་ཁུལ་དབྱེ་འབྱེད་ཞིབ་འཇུག་ཁང་བཅས་ཀྱི་མངགས་བཅོལ་ལྟར། 《བྱང་ཐང་ས་མཐོའི་རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཁུལ་གྱི་སྤྱིའི་འཆར་འགོད》བཟོས་ནས། སྣོད་བཅུད་སྲུང་སྐྱོང་འཛུགས་སྐྲུན་དང་སྣོད་བཅུད་ཐོན་ལས་རིམ་སྤོར་དང་འདེགས་སྐྱོར་གྱི་ལེ་ལག་ཚང་སྒྲིག་སོགས་ཀྱི་འདུ་འགོད་ལག་བསྟར་བྱེད་པ་དང་། རང་བྱུང་རྩྭ་ར་སྲུང་སྐྱོང་དང་། རང་བྱུང་ནགས་ཚལ་སྲུང་སྐྱོང་། འདམ་ར་སྲུང་སྐྱོང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་། རང་བྱུང་སྲུང་སྐྱོང་ཁུལ་དང་སྣོད་བཅུད་ནུས་པའི་ཁུལ་འཛུགས་སྐྱོང་སོགས་ཀྱི་གཙོ་གནད་སྣོད་བཅུད་འདུ་འགོད་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་སྲུང་ཡོལ་ནུས་ཤུགས་ཡོད་རྒུས་སྐྲུན་ཡོད་པ་རེད།
སྣོད་བཅུད་སྲུང་སྐྱོང་དང་སྣོད་བཅུད་དམངས་ཕན་གཉིས་ཕན་ཚུན་གཅིག་གྱུར་ཡོང་རྒྱུའི་འགན་ལེན་བྱས་ཤིང་། རྩྭ་ཐང་གི་སྣོད་བཅུད་སྲུང་སྐྱོང་ཁ་གསབ་ལམ་སྲོལ་དང་རྒྱལ་ཁབ་རིམ་པའི་སྤྱི་ཕན་ནགས་ཚལ་གྱི་ནགས་ཚལ་སྣོད་བཅུད་ཕན་འབྲས་ཁ་གསབ་ལམ་སྲོལ་ནན་ཏན་ངང་དོན་འཁྱོལ་ཡག་པོ་བྱས་ཏེ་རྩྭ་ཐང་དང་། འདམ་ར། ནགས་ཚལ། ཆུའི་སྣོད་བཅུད་སོགས་གཙོ་བོར་བྱས་པའི་སྣོད་བཅུད་ཕན་འབྲས་ཁ་གསབ་དྲ་བ་ཧུར་ཐག་གཏོད་པ་དང་། སྣོད་བཅུད་ཕན་འབྲས་ཁ་གསབ་ཀྱི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། མང་ཚོགས་སྣོད་བཅུད་སྲུང་སྐྱོང་དང་འཛུགས་སྐྲུན་དང་ལས་ཞུགས་མངོན་འགྱུར་བྱ་རྒྱུའི་ནང་ཞུགས་རྒྱུའི་སྒྲིག་འཛུགས་རྒྱ་ཁྱབ་བྱས་ནས་མང་ཚོགས་དེ་བས་མང་བར“སྣོད་བཅུད་ཀྱི་ཡོང་འབབ”རག་པ་དང་ཕྱུག་འགྱུར་ལམ་བུའི་ཐོག་སྐྱོད་ཐུབ་པ་བྱས་ཡོད།
སྣོད་བཅུད་སྲུང་སྐྱོང་གི་ཕྱིར་འཐེན་ལམ་སྲོལ་འཚོལ་ཞིབ་བྱས་ནས་བཙུགས་ཤིང་། རང་བྱུང་ཁོར་ཡུག་ཞན་པ་དང་། ས་བབ་མཐོ་བ། སྣོད་བཅུད་ལ་གཏོར་སྐྱོན་ཕོག་སླ་བ། འགྲིམ་འགྲུལ་སྟབས་བདེ་མེད་པ། གཞིས་ཆགས་མི་འབོར་ཅུང་ཉུང་བ་བཅས་ཀྱི་ས་ཁོངས་ལ་ཆ་མཚོན་ན། མང་ཚོགས་གོ་རིམ་ལྡན་པའི་སྒོ་ནས་ཕྱིར་འཐེན་བྱས་ཏེ་སྤོ་ཡུལ་དུ་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དང་ཀུང་སི་འཛུགས་པ་སོགས་ཀྱི་ལས་དོན་ལག་བསྟར་གྱིས་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་ལས་ཞུགས་འབབ་འཕར་སོགས་ཀྱི་གནད་དོན་ཐག་གཅོད་བྱས་པས། ཚད་གཞི་མཐོ་ཤོས་ཀྱི་ཐོག་ནས་འབྲོག་ལས་དོར་ཏེ་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྐྱོང་བ་དང་འབྲོག་ལས་དོར་ནས་སྣོད་བཅུད་གསོ་ཐུབ་པ་བྱུང་ཡོད།