ད་ཕན་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས“ལྕང་མ་མཐོང་རྒྱུ་མེད་པའི་གྲོང་ཚོ་དང་དུད་ཚང”ལ་ལྗོན་ཤིང་འཛུགས་རྒྱུར་དམིགས་པ་དང་། སྣོད་བཅུད་ལྷ་ས་བསྐྲུན་པའི་སྤྱིའི་འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་། སྔ་རྗེས་སུ་ནགས་བཟོ་སྔོ་འགྱུར་གྱི་འདུ་འགོད་ཆེན་པོ་དྲུག་ལག་ལེན་བསྟར་བས་ཤིང་འཛུགས་ནགས་བཟོའི་རྒྱ་ཁྱོན་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ་དང་། མི་རེའི་ཆ་སྙོམས་ཀྱི་སྤྱི་པའི་སྔོ་ཁེབས་རྒྱ་ཁྱོན་ལོ་རེ་བཞིན་འཕར་ནས་ནགས་སའི་རྒྱ་ཁྱོན་མུའུ་ཁྲི་70.4ཟིན་པ་དང་ནགས་ཚལ་ཁྱབ་ཚད་19.5%ཟིན་པ་རེད།
ལྷ་ས་གྲོང་ཁྱེར་དང་དེ་བཞིན་མཐའ་འཁོར་ས་ཁུལ་གྱི་ནགས་བཟོའི་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་བ་དང་། 2013ལོའི་ཚུན། ཁྱོན་མ་དངུལ་སྒོར་ཁྲི་4380བཏང་ནས་མུའུ་ཁྲི་9.37ལ་ཤིང་འཛུགས་ནགས་བཟོ་བྱས་པ་དང་མུའུ་ཁྲི་13.63ལ་རི་རྒྱ་བསྡམས་ནས་ནགས་གསོ་བྱས་པ་རེད། གཙོ་གནད་ས་ཁོངས་ཀྱི་སྣོད་བཅུད་སྤྱི་ཕན་ནགས་རའི་འཛུཌ་སྐྲུན་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་ཞིང་། 2013ལོའི་ཚུན། ཁྱོན་མ་དངུལ་སྒོར་དུང་ཕྱུར་1.42ལྷག་ཙམ་བཏང་ནས་མུའུ་ཁྲི་4.26གི་སྤྱི་ཕན་ནགས་ར་བསྐྲུན་པ་དང་གསོན་ཚད་85%ཡན་ཟིན་ནས་དམིགས་ཚད་ཁག་གི་འཆར་གཞིའི་བླང་བྱ་དང་མཐུན་ཡོད་པ་རེད། བོད་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་ཞིང་། 2013ལོའི་ཚུན། ཁྱོན་མ་དངུལ་སྒོར་ཁྲི་7964བཏང་ནས་མུའུ་ཁྲི་12.35ལ་ལྗོན་ཤིང་བཙུགས་པ་དང་མུའུ་ཁྲི་17.30ལ་བྱེ་བཀག་རྩྭ་གསོ་བྱས་པས་བྱེ་འགོག་བྱེ་བཅོས་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ་རེད། ལྷ་ས་ནས་གོང་དཀར་གནམ་ཐང་བར་གྱི་ཆེད་སྤྱོད་གཞུང་ལམ་འགྲམ་གྱི་ནགས་བཟོ་སྔོ་འགྱུར་གྱི་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་ཞིང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་1.4བཏང་ནས་མུའུ་ཁྲི་3.48ལ་ལྗོན་ཤིང་འཛུགས་པའི་འཆར་འགོད་བཏང་ནས་མུའུ་ཁྲི་3.55ལེགས་གྲུབ་ཟིན་པའི་ནང་མུའུ་ཁྲི་1.53ལ་ནགས་བཟོ་བྱས་པ་དང་མུའུ་ཁྲི་2.02ལ་འགོག་གསོ་བྱས་ནས་སྡོང་ཕྲུག་གསོན་ཚད་85%ཡན་ཟིན་པ་རེད། ལྷ་ས་གྲོང་ཁྱེར་གྱི་ལྷོ་རིའི་ནགས་བཟོ་སྔོ་འགྱུར་གྱི་ལས་གྲྭ་ལག་བསྟར་ཤུགས་ཆེན་བྱེད་པས། 2013ལོའི་ཚུན། མ་དངུལ་སྒོར་དུང་ཕྱུར་3.54བཏང་ནས་མུའུ་3323ལ་ནགས་བཟོ་སྔོ་འགྱུར་བྱས་པ་དང་སྡོང་ཕྲུག་ཁྲི་75བཙུགས་ནས་གསོན་ཚད་80%ཡན་ཟིན་ཏེ་སྐམ་ཤས་ཆེ་བའི་ས་ཁུལ་གྱི་ས་བབ་སྨི་3900ཡན་གྱི་སར་མི་བཟོས་ནགས་རའི་བྱས་རྗེས་ངོ་མཚར་ཅན་བཏོད་པ་རེད། རྨོ་བསྐྱུར་ནགས་གསོའི་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་ཞིང་། 2013ལོའི་ཚུན། ལྷ་ས་གྲོང་ཁྱེར་གྱི་རྨོ་བསྐྱུར་ནགས་གསོའི་རི་རྒོད་དང་ཐང་རྒོད་དུ་ནགས་བཟོ་དང་རི་རྒྱ་བསྡམས་ནས་ནགས་གསོའི་འདུ་འགོད་ལ་ཁྱོན་མ་དངུལ་སྒོར་ཁྲི་421བཏང་ནས། རི་རྒོད་ཐང་རྒོད་ལ་ནགས་བཟོ་དང་རི་རྒྱ་བསྡམས་ནས་ནགས་གསོ་བྱེད་ཚད་མུའུ་ཁྲི་2.4ཟིན་པ་རེད།