ཉེ་བའི་ལོ་ཤས་རིང“བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”ཞེས་གྲགས་པའི་ཉིང་ཁྲི་གྲོང་ཁྱེར་གྱིས་སྣོད་བཅུད་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ཡུལ་སྐོར་སྟོབས་ཆེན་གྲོང་ཁྱེར་དང་། ཞིང་འབྲོག་ལས་བརྟན་པའི་གྲོང་ཁྱེར། ཆུ་གློག་ཕུན་སུམ་ཚོགས་པའི་གྲོང་ཁྱེར། བོད་ཀྱི་གསོ་བ་རིག་པའི་ཕན་པ་ཆེ་བའི་གྲོང་ཁྱེར། རིག་གནས་དར་རྒྱས་གྲོང་ཁྱེར་བཅས་ཀྱི་སྣོད་བཅུད་ཐོན་ལས་འཕེལ་རྒྱས་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་པས་སྣོད་བཅུད་ཡུལ་སྐོར་ཐོན་ལས་དང་། ཞིང་འབྲོག་ཁྱད་ལྡན་ཐོན་ལས། བོད་ཀྱི་གསོ་བ་རིག་པའི་ཐོན་ལས། ཆུ་གློག་ནུས་རྒྱུའི་ཐོན་ལས། རིག་གནས་ཐོན་ལས་བཅས་ལྟེ་བར་བྱས་པའི་སྣོད་བཅུད་ཐོན་ལས་མ་ལག་ཅིག་རིམ་བཞིན་ཆགས་ཏེ་སྣོད་བཅུད་སྔོན་ལ་འཕེལ་རྒྱས་གཏོང་བ་དང་། མྱུར་ཚད་དང་། སྤུས་ཚད། ཕན་འབྲས་བཅས་གཅིག་གྱུར་ཡོང་བ། མི་འབོར་དང་། ཐོན་ཁུངས། ཁོར་ཡུག་བཅས་མཐུན་འགྲིག་བྱེད་པའི་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལམ་ཞིག་ཧུར་ཐག་བཏོད་ཡོད།
འཆར་འགོད་ལ་སྣང་ཆེན་གྱིས་འབྲེལ་ཡོད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ།
ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱི་ཐོན་ལས་སྲིད་ཇུས་ཀྱི་སྟོན་ཕྱོགས་ལ་དམ་པོར་དམིགས་ཏེ“སྣོད་བཅུད་འཛུགས་སྐྱོང་ཐོན་ལས་ཅན་དང་ཐོན་ལས་འཕེལ་རྒྱས་སྣོད་བཅུད་ཅན”གྱི་འཕེལ་རྒྱས་བསམ་ཕྱོགས་གཞིར་བཟུང་། 《ཉིང་ཁྲིའི་སྣོད་བཅུད་ཤེས་དཔལ་སྔོན་སྐྱོད་དཔེ་སྟོན་ཁུལ་གྱི་ལག་བསྟར་བྱ་ཐབས》དང《ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད(2013ལོ་ནས་2020ལོ་བར)》བཏོན་ནས་ཉིང་ཁྲི་རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་ཁུལ་དང་ལྗོངས་ཡོངས་ཀྱི་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ནགས་གསུམ་ཐོན་རྫས་ཐོན་སྐྱེད་ལས་སྣོན་རྟེན་གཞི་གལ་ཆེན། རྒྱལ་ཁབ་ཀྱི“ནུབ་གློག་ཤར་འདྲེན”གྱི་རྗེས་མཐུད་རྟེན་གཞི། བོད་ཀྱི་གསོ་བ་རིག་པ་དང་བོད་སྨན་གྱི་ཁྱད་ལྡན་ཁུལ། ལྗོངས་ཡོངས་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི་བཅས་སུ་འཛུགས་སྐྲུན་བྱེད་པའི་དམིགས་ཚད་བཏོན་ཏེ་གཞི་ཁྱོན་ཆགས་པ་དང་། སྤུས་རྟགས་གཏོད་པ། སྤུས་ཚད་མཐོར་གཏོང་། སྣ་ཁ་མང་གཏོང་བཅས་ལ་འབད་བརྩོན་བྱེད་པ་དང་། ཁྱད་ཆོས་ལྡན་པ། རྒྱ་སྟོབས་ཆེ་རུ་གཏོང་བ་བཅས་ཧུར་ཐག་བྱས་ནས་སྣོད་བཅུད་ཀྱི་ལེགས་ཆ་ཐོན་ལས་ཀྱི་ལེགས་ཆ་དང་དཔལ་འབྱོར་གྱི་ལེགས་ཆར་འགྱུར་བ་བྱ་རྒྱུ་རེད།
ཉིང་ཁྲི་གྲོང་ཁྱེར་གྱིས་སྣོད་བཅུད་ཐོན་ལས་ལ་མ་དངུལ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་2013ལོ་ནས་བཟུང་རིམ་པ་དེ་གའི་ནོར་སྲིད་ཀྱིས་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་3ཙམ་བཏང་བ་དང་། ལྷག་པར་དུ་2015ལོ་ནས་བཟུང་གྲོང་ཁྱེར་ནོར་སྲིད་ཀྱིས་ལོ་ལྟར་སྒོར་ཁྲི་5000བཏོན་པ་དང་རྫོང(ཆུས)ཁག་གིས་རིམ་པ་དེ་གའི་ལོ་འདིའི་ནོར་སྲིད་ཀྱི་ཡོང་འབབ་ནས་5%ལས་མི་ཉུང་བའི་དངུལ་བཏོན་ནས་སྣོད་བཅུད་ཀྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་ཁྱོན་ཡོངས་ནས་འཕེལ་རྒྱས་གཏོང་བར་རོགས་སྐྱོར་ཤུགས་ཆེན་བྱས་ཡོད།
དམངས་ཕན་ལ་སྣང་ཆེན་གྱིས་སྤུས་རྟགས་གཏོད་པར་དམ་འཛིན་ཧུར་ཐག་བྱས་པ།
ཉིང་ཁྲི་གྲོང་ཁྱེར་གྱིས་ཁྱད་ལྡན་ཐོན་ལས་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་བ་དང་སྤུས་ཚད་དང་ཁྱད་ཆོས་འགན་ལེན་བྱ་རྒྱུ་གཙོ་གནད་དུ་བཟུང་བ་དང་ས་གཤིས་མཚོན་རྟགས་ཀྱི་སྲུང་སྐྱོང་གི་བྱེད་ཐབས་སུ་བརྩིས་ནས་ས་གཤིས་མཚོན་རྟགས་སྲུང་སྐྱོབ་དང་འཚམ་པའི་ཁྱད་ལྡན་ཐོན་རྫས་ཧུར་ཐག་བཏོད་པ་དང་། ཤེས་བྱའི་བདག་དབང་གི་འཐབ་ཇུས་ལག་བསྟར་བྱས་ཏེ་ཉིང་ཁྲིའི་རང་བདག་ཤེས་བྱའི་བདག་དབང་ཡོད་པའི་ཁྱད་ལྡན་སྣོད་བཅུད་ཐོན་རྫས་ཁག་གཅིག་སྐྱེད་སྲིང་ཧུར་ཐག་བྱས་ཡོད།
སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་ཆེད། ཉིང་ཁྲི་གྲོང་ཁྱེར་གྱིས་སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་དང་། མཐའ་ཚད། གློག་ཆེན་བཅས་ནན་པོ་སྲུང་བ་དང་། “མཐོ་གསུམ”ཁེ་ལས་དང་རྣམ་གྲངས་ནང་འདྲེན་གཏན་འགོག་བྱེད་པ། གཏེར་ཁའི་ཐོན་ཁུངས་གསར་སྤེལ་ལ་རང་སྐྱོང་ལྗོངས་སྲིད་གཞུང་གིས་མ་གཏོགས་ཞིབ་མཆན་འགོད་མི་ཆོག་པའི་ལམ་ལུགས་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། ཁོར་ཡུག་སྲུང་སྐྱོང་ལ“སྤ་སེ་གཅིག་གིས་ཁྲུ་སློག་གཏོང་བའི”ལམ་ལུགས་ཡག་པོ་སྤྱོད་པ། ནུས་ཤུགས་ཡོད་རྒུས་སྣོད་བཅུད་བཟང་པོ་གཏོད་པ། ཤིང་འཛུགས་ནགས་གསོ་དང་བྱེ་འགོག་བྱེ་བཅོས་སོགས་སྣོད་བཅུད་ཉམས་གསོའི་འདུ་འགོད་ལག་བསྟར་ཤུགས་ཆེན་བྱེད་པ། རྡོ་ར་དང་སྔོན་བཟོས་བཟོ་གྲྭ་སོགས་ཁྲོམ་རའི་སྣང་ཚུལ་ཟང་ཟིང་ཁྱོན་ཡོངས་ནས་བཅོས་སྒྲིག་བཅས་བྱས་པས། རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་རྫོང་6དང་། སྣོད་བཅུད་ཤང་གྲོང་39སྣོད་བཅུད་གྲོང་ཚོ་356བཅས་བདེ་བླག་ངང་བཏོད་པ་དང་གཏོད་ཐུབ་ཚད་ཚང་མ་80%ཡན་ཟིན་ཡོད། སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་ལེགས་སུ་སོང་བ་དེས་སྣོད་བཅུད་ཐོན་ལས་འཕེལ་རྒྱས་ལ་སྔོན་འགྲོའི་ཆ་རྐྱེན་བཏོད་པ་དང་རྨང་གཞི་བཏིངས་ཡོད།
སྤུས་ཚད་ལ་སྣང་ཆེན་གྱིས་ཐོན་ལས་ཀྱི་བཀོད་པ་ལེགས་སུ་བཏང་བ།
ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་ཁུལ་འཛུགས་སྐྲུན་ཧུར་ཐག་བྱས་ཏེ《ཀྲུང་གོའི་ཉིང་ཁྲིའི་རྒྱལ་སྤྱིའི་སྣོད་བཅུད་ཡུལ་སྐོར་ཁུལ་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད(2016ལོ་ནས་2020ལོ་བར)》སྒྲིག་བཟོ་བྱས་ནས་ཡུལ་སྐོར་ཐོན་ལས་གཞི་ཁྱོན་ཅན་དང་། ཡུལ་སྐོར་ཞབས་འདེགས་ཚད་ལྡན་ཅན། མཛེས་ལྗོངས་ཁུལ་གྱི་མཛེས་ལྗོངས་ངོ་མཚར་ཅན། དྲིལ་བསྒྲགས་གཉེར་ཚོང་ཕྱོགས་བསྡུས་ཅན། ཡུལ་སྐོར་དམངས་ཕྱུག་ཆེ་ཤོས་ཅན་བཅས་ལ་འབད་བརྩོན་བྱས་ཏེ་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་འཕེལ་རྒྱས་མགྱོགས་པོ་བཏང་ཡོད།