ལོ་19ལ་སླེབས་པའི་པད་མ་སྒྲོལ་དཀར་གྱི་ལུས་ཤུགས་ཉམས་ཀྱང་དཀའ་ངལ་ཁྱད་བསད་ཀྱིས་ལམ་ཚད་ཧྲིལ་པོ་བསྐྱོད་པ་རེད།
ཚེས་23ཉིན། 2017ལོའི་རྐང་ཐང་མར་གནམ་མཚོར་སྐྱོད་པའི་འདུ་ཚོགས་ས་བབ་སྨི་4700ལྷག་ཙམ་ཟིན་པའི་གནམ་མཚོའི་འགྲམ་དུ་དུས་བཀག་ལྟར་གཉེར་ཞིང་། ད་ཐེངས་ཀྱི་རྐང་ཐང་མར་སྐྱོད་པའི་འགྲན་བསྡུར་རྒྱལ་ཡོངས་ས་གནས་་ཁག་གི་ཁང་ཕྱིའི་ལུས་རྩལ་ལ་དགའ་པོ་བྱེད་མཁན་60ཞུགས་ཡོད།
ད་ཐེངས་ཀྱི་རྐང་ཐང་མར་གནམ་མཚོར་སྐྱོད་པའི་འདུ་ཚོགས་ཀྱིས“གནམ་མཚོའི་ཁོར་ཡུག་སྲུང་སྐྱོང་གི་སྤྱི་ཕན་བྱ་སྤྱོད”བརྗོད་དོན་གཙོ་བོར་བྱས་པ་དང་ཁྱོན་ལམ་ཚད་སྤྱི་ལེ་10ཡི་འགྲན་ལམ་བཀོད་སྒྲིག་བྱས་ཡོད། རྐང་ཐང་མར་སྐྱོད་པའི་ལམ་ཐིག་དེ་མཚོ་སྐོར་ལམ་དུ་བཀོད་སྒྲིག་བྱས་པ་དང་རུ་མི་ཚང་མས་ལག་ཏུ་ཁོར་ཡུག་སྲུང་སྐྱོང་གི་ཁུག་མ་ཁྱེར་ཏེ་རྐང་ཐང་མར་འགྲོ་གིན་ལམ་འགྲམ་གྱི་གད་སྙིགས་སྒྲུག་གི་ཡོད། ལམ་རྒྱུད་ཀྱི་ངལ་གསོ་རྒྱག་སར་གུར་གཉིས་ཕུབ་ཡོད་པ་དང་དེར་ཡུལ་དེའི་འབྲོག་པས་རུ་མི་ཚོར་ཇ་བསྲུབས་མ་བཟོ་བ་དང་འབྲེལ་ཁོང་ཚོར་རྩིད་ཐག་བསླས་སྟངས་བསླབས་ནས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཚོར་བར་བྱས་ཡོད།
པད་མ་སྒྲོལ་དཀར་སིང་ཀ་ཕོར་དུ་སློབ་ཆེན་འགྲིམ་གྱི་ཡོད། རྐང་ཐང་མར་གནམ་མཚོར་སྐྱོད་པའི་འདུ་ཚོགས་གཉེར་བ་ཤེས་རྗེས་འཕྲལ་དུ་བོད་དུ་ཡོང་བ་རེད། “ང་བོད་རིགས་ཡིན་ནའང་བོད་དུ་ཐེངས་གཉིས་ལས་ཡོང་མྱོང་མེད། བོད་ཀྱི་མཛེས་ལྗོངས་དང་རིག་གནས་ལ་ཧ་ཅང་དགའ་པོ་ཡོད” “དུས་རྒྱུན་ང་ཁང་ཕྱིའི་ལུས་རྩལ་ལ་དགའ་པོ་ཡོད། རྟག་ཏུ་རི་འཛེག་པ་དང་རྐྱལ་རྒྱག་པར་འགྲོ་གི་ཡོད”ཅེས་ཁོང་གིས་བཤད།
ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཀྲ་ཤིས་དོན་གྲུབ་ཀྱིས“ས་བབ་མཐོ་བའི་ས་ཁུལ་དུ་ཚད་རན་པོ་དང་ཚན་རིག་དང་མཐུན་པའི་ལུས་རྩལ་ལ་ཞུགས་ན་གཟུགས་གཞི་ཐང་པོ་ཡོང་ཐུབ། དེས་མ་ཚད་མཛེས་སྡུག་ལྡན་པའི་ཁོར་ཡུག་ཏུ་རྐང་ཐང་མར་སྐྱོད་པ་ནི་མི་ཚེའི་དམིགས་བསལ་གྱི་ཉམས་ལེན་ཞིག་རེད། དེ་ནི་ང་ཚོས་ནུས་ཤུགས་ཡོད་རྒུས་ལུས་རྩལ་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བའི་རྒྱུ་མཚན་ཡིན”ཞེས་གསར་འགོད་པར་བཤད།
བོད་ས་མཐོར་ཆགས་མོད། འོན་ཀྱང་ཉེ་བའི་ལོ་ཤས་རིང་རྫོང་དང་གྲོང་ཁྱེར་ཁག་ཏུ་ལུས་རྩལ་འགྲན་བསྡུར་གཉེར་བ་སྲོལ་རྒྱུན་ཞིག་ཏུ་གྱུར་ཡོད། རྐང་ཐང་མར་ཇོ་མོ་གླང་མར་སྐྱོད་པའི་འདུ་ཚོགས་དང་། འདམ་སྤྱི་རིམ་རྟ་རྒྱུག དེ་བཞིན་མཇུག་འགྲིལ་མ་ཐག་པའི་རྐང་ཐང་མར་གནམ་མཚོར་སྐྱོད་པའི་འདུ་ཚོགས་སོགས་བྱེད་སྒོ་ཚང་མར་མི་མང་པོས་དོ་ཁུར་བྱེད་ཀྱི་ཡོད། ལུས་རྩལ་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སོང་བ་དང་སྦྲགས་བོད་ཀྱི་ཡུལ་དེ་གའི་ཞིང་འབྲོག་པའང་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་ཡོད།
“ཡུལ་སྐོར་བ་ཇེ་མང་དུ་སོང་བ་དང་སྦྲགས། དགོས་མཁོའང་མང་དུ་སོང་བས་ཞིང་འབྲོག་པའི་ལས་ཞུགས་གནད་དོན་ཐག་གཅོད་ཡག་པོ་ཐུབ་ཡོད། མི་ལ་ལས་བདེ་སྲུང་བ་བྱེད་པ་དང་། ལ་ལས་ཟ་ཁང་དུ་ཞབས་ཞུ་བ་བྱེད་པ། ལ་ལས་གཙང་སྦྲ་བ་བྱེད་པ་ལ་སོགས་ཚང་མ་རང་ཁྱིམ་དང་ཐག་ཉེ་བའི་སར་ལས་ཀར་ཞུགས་ཐུབ་པས་དེ་སྔ་དང་བསྡུར་ན་ཡོང་འབབ་ཧ་ཅང་མང་དུ་ཕྱིན་ཡོད”ཅེས་གནམ་མཚོའི་འགྲུལ་ཁང་ཞིག་གི་སྦྱིན་བདག་བློ་བཟང་རྒྱ་མཚོས་བཤད།
“ད་ཆ་ང་ཚོའི་རྫོང་གི་ལོ་གཅིག་གི་ཡུལ་སྐོར་བའི་གྲངས་འབོར་ཁྲི་དྲུག་ཅུ་བདུན་ཅུ་ཙམ་ཟིན་པ་མ་ཟད། ད་དུང་རྒྱུན་ཆད་མེད་པར་མང་དུ་འགྲོ་གི་ཡོད” “ཡུལ་སྐོར་ཐོན་ལས་འཕེལ་རྒྱས་འགྲོ་བ་དང་དུས་མཚུངས་གློག་ཤུགས་དང་དྲ་རྒྱ་སོགས་སྤྱི་པའི་རྨང་གཞིའི་སྒྲིག་བཀོད་ཀྱང་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་སོང་ནས། ཡུལ་དེའི་གྲོང་མིའི་འཚོ་བ་ལེགས་སུ་དང་འཚོ་བའི་སྤུས་ཚད་གོང་མཐོར་སོང་ཡོད”ཅེས་འདམ་གཞུང་རྫོང་ཨུད་ཀྱི་རྒྱུན་ཨུ་རྫོང་དཔོན་གཞོན་པ་ཡིའུ་ཀོན་ཐའོ་ཡིས་བཤད།
“སྲིད་གཞུང་གིས་གཙོ་ཁྲིད་དང་ཁེ་ལས་ཀྱིས་འཁོར་རྒྱུག་བྱེད་པ་ནི་རྐང་ཐང་མར་གནམ་མཚོར་སྐྱོད་པའི་འདུ་ཚོགས་ཀྱི་འབྱུང་འགྱུར་འཕེལ་རྒྱས་གཏོང་ཕྱོགས་ཡིན་ལ། བོད་ཀྱི་ཡུལ་སྐོར་ལས་རིགས་ཧྲིལ་པོ་ཁྲོམ་ར་ཅན་གྱི་གཉེར་སྐྱོང་དུ་འགྱུར་བའི་འཚོལ་ཞིབ་ནུས་ལྡན་ཞིག་ཀྱང་རེད”ཅེས་གཉེར་འགན་འཁུར་མཁན་ཕྱོགས་ཀྱི་འབྲེལ་ཡོད་འགན་ཁུར་བས་བཤད།
ད་ཆ་རྐང་ཐང་མར་གནམ་མཚོར་སྐྱོད་པའི་འདུ་ཚོགས་ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཐོན་ལས་ཀྱི“གསེར་བྱང”ལྟ་བུར་གྱུར་ཏེ་ཞིང་འབྲོག་པ་དེ་བས་མང་བར་ཡུལ་སྐོར་ལས་ཡོང་འབབ་རག་ནས་དབུལ་སྒྲོལ་དང་འབབ་འཕར་ཕྱུག་འགྱུར་ཐུབ་རེ་ཡོད་པ་རེད།