དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཀ་རྟེན་ལྟ་བུའི་ཐོན་ལས་ཀྱི་ཕྱོགས་སུ་གོམ་ཞེང་ཆེན་པོས་བསྐྱོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-07-30

    རང་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་དེ་དུས་རབས་གོང་མའི་ལོ་རབས་80པར་འགོ་བཙུགས་པ་དང་མེད་པ་ནས་ཡོད་པའི་བར་དང་ཆུང་བ་ནས་ཆེ་བའི་བར་ཐོག་མའི་སྣེ་ལེན་བྱ་གཞག་ནས་སྤྱིར་བཏང་གི་དཔལ་འབྱོར་ཐོན་ལས་རྣམ་པ་དང་དེ་ནས་ཀ་རྟེན་ལྟ་བུའི་ཐོན་ལས་རྣམ་པའི་བར་མཆོང་སྐྱོད་བྱུང་བའི་ལོ་30ལྷག་ཙམ་གྱི་འཕེལ་རྒྱས་ལོ་རྒྱུས་ལྡན་ཡོད། བསྡོམས་རྩིས་ལ་གཞིགས་ན། “ལོ་ལྔ་ཚན་བཅུ་གཉིས་པའི”རིང་བོད་ཀྱིས་རིམ་རྩིས་ལྟར་ན་ཡུལ་སྐོར་བ་མི་ཐེངས་ཁྲི་6789.88ལ་སྣེ་ལེན་ཞུས་པ་དེ་ལོར་ཆ་སྙོམས་འཕར་ཚད་23.4%ཟིན་ཡོད། 2016ལོར་བོད་ཀྱི་ཡུལ་སྐོར་བྱ་གཞག་འཕེལ་རྒྱས་ཆེན་པོ་བྱུང་ནས་ལོ་འཁོར་མོར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་2315.94ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་དང་བསྡུར་ན་14.8%འཕར་བ་དང་ཡུལ་སྐོར་ཡོང་འབབ་བསྡོམས་འབོར་སྒོར་དུང་ཕྱུར་330.75ཟིན་པ་དེ་དུས་མཚུངས་དང་བསྡུར་ན་17.3%འཕར་ཏེ་ཡུལ་སྐོར་བ་དང་ཡོང་འབབ་ཚང་མ་ལོ་རྒྱུས་ཀྱི་ཚད་གཞི་མཐོ་ཤོས་སུ་སླེབས་ནས“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཡག་པོ་ཞིག་འཛུགས་ཐུབ་པ་བྱུང་ཡོད།

    བོད་ཀྱི་ཡུལ་སྐོར་སྐད་གྲགས་ཆོད་ཚད་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ།

    འདི་ལོའི་ཟླ་4པར་2017ལོའི་བོད་ཀྱི་ཡུལ་སྐོར་ཐོན་ཁུངས་འོས་སྦྱོར་ཚོགས་འདུ་དང་བོད་ཀྱི་ཡུལ་སྐོར་ཐོན་རྫས་ཡོངས་བསྒྲགས་ཚོགས་འདུ་ཅི་ནན་དུ་འཚོགས་ནས་བོད་ཀྱི་ཡུལ་སྐོར་ཐོན་ཁུངས་ཧྲན་ཏུང་གི་ཁྲོམ་རར་ཁྱབ་གདལ་གཏོང་ཚད་དང་ཤེས་རྟོགས་ཐུབ་ཚད་སྔར་བས་ཆེ་རུ་ཕྱིན་པ་དང་བོད་དང་ཧྲན་ཏུང་གཉིས་ཀྱི་ཡུལ་སྐོར་མཉམ་ལས་ལ་ཤུགས་སྣོན་ཐེབས་ཡོད།

    འདི་ལོའི་ཟླ་5པར་2017ལོའི་བོད་ཀྱི་ཡུལ་སྐོར་ཐོན་རྫས་འོས་སྦྱོར་ཚོགས་འདུ་ལྷ་སར་འཚོགས་པ་དང་ལྗོངས་ཕྱི་ནང་ནས་ཡོང་བའི་ཡུལ་སྐོར་ལས་རིགས་དང་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་400ལྷག་ཙམ་དང་ཁེ་ལས་ཀྱི་འཐུས་མི་མཉམ་འཛོམས་ཀྱིས་བོད་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཐད་ཐབས་འདོན་ཇུས་འགོད་བྱས་ཡོད།

    ཉེ་བའི་ལོ་ཤས་རིང་ལོ་ལྟར་བརྗོད་དོན་ཁ་གསལ་བ་དང་རྣམ་པ་སྣ་ཚོགས་ཀྱི་བོད་ཀྱི་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་གྲུབ་འབྲས་ཐོབ་པའི་སྒོ་ནས་གཉེར་ཏེ་བོད་ཀྱི་ཡུལ་སྐོར་སྐད་གྲགས་ཆོད་ཚད་སྔར་བས་ཆེ་རུ་བཏང་ནས་བོད་ཀྱི་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་གང་ལེགས་མངོན་པ་བྱས་ཡོད།

    2016ལོར་སྐབས་གསུམ་པའི་བོད་ལྗོངས་འགྲེམས་ཚོགས“མི་ཡུལ་གྱི་གནས་མཆོག མཁའ་དབྱིངས་ཀྱི་བོད་ལྗོངས”ཞེས་པའི་བརྗོད་དོན་གཙོ་བོ་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ་རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”གི་འཐབ་ཇུས་གོ་སྐབས་དམ་འཛིན་ནན་པོ་བྱེད་པ་དང་། “ཡུལ་སྐོར་ཆེ་མོ་དང་། ཐོན་ལས་ཆེ་མོ། འཕེལ་རྒྱས་ཆེ་མོ”བཅས་ལ་དམིགས་པ། “རྩེར་སོན་དང་ཁྱད་ལྡན”མངོན་གསལ་དོད་པོ་ཡོང་བ་བྱས་ནས་ནུས་ཤུགས་ཡོད་རྒུས་བོད་ཀྱི་ཡུལ་སྐོར་རིམ་སྤོར་རྣམ་པ་ཧུར་ཐག་བཏོད་པ་དང་འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན་དང་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་ཁུལ་དང་ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་ཧུར་ཐག་བཏོད་ཡོད།

    ནུས་ཤུགས་ཡོད་རྒུས་འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན་བཏོད་པ།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་ལྗོངས་ཀྱིས་ཐོག་མཐའ་བར་གསུམ་དུ་འཛམ་གླིང་གི་ཡུལ་སྐོར་དམིགས་ས་གལ་ཆེན་གཏོད་རྒྱུར་གཞིགས་ནས་ཡུལ་སྐོར་རིག་གནས་འཕེལ་རྒྱས་ཀྱི་ཆོས་ཉིད་དང་ཁྱད་ཆོས་ཀྱི་ལེགས་ཆ་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ཏེ། རྩེར་སོན་དང་ཁྱད་ལྡན་གྱི་གཙོ་གནད་ལ་དམིགས་ཏེ་ཡུལ་སྐོར་ལས་རིགས་དེ་ལྗོངས་ཡོངས་ཀྱི་དཔལ་འབྱོར་གྱི་ཀ་རྟེན་ལྟ་བུའི་ཐོན་ལས་ཕྱོགས་སུ་གོམ་ཞེང་ཆེན་པོས་བསྐྱོད་ཡོད།

    2016ལོར་རང་ལྗོངས་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་རྩེར་སོན་ཅན་གྱི་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་མ་བཏང་བ་མ་ཟད་ཕན་འབྲས་ཀྱང་ཐོན་འགོ་ཚུགས་ཡོད། གྲོང་ཁྱེར་དང་ས་ཁུལ་བདུན་གྱི་མཛེས་ལྗོངས་ཁུལ་རྩེ་གྲས་འབྲེལ་ཡོད་བླང་བྱར་གཞིགས་ནས་མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། སྒྲིག་སྲོལ་ལམ་སྲོལ་འཛུགས་པ། ཞབས་ཞུའི་ཆུ་ཚད། ཁོར་ཡུག་གི་སྤུས་ཚད། བདེ་འཇགས་ཐོན་སྐྱེད་སོགས་ཐད་ལེགས་བཅོས་མངོན་གསལ་དོད་པོ་བྱུང་ཡོད།

    མིག་སྔར་རང་ལྗོངས་ཀྱིས་བྲག་གསུམ་མཚོ་དང་། སྨར་ཁམས་ཀྱི་གནའ་བོའི་ཚྭ་ཞིང་། ཡར་ཀླུང་གཙང་པོའི་རོང་ཆེན་སོགས་སུ་A5རིམ་པའི་མཛེས་ལྗོངས་ཁུལ་བཏོད་ཡོད། རང་བྱུང་མཛེས་ལྗོངས་ཁུལ་དེ་དག་གྲུབ་འབྲས་ཐོབ་པའི་སྒོ་ནས་བསྐྲུན་རྗེས་རང་ལྗོངས་ཀྱི་A5རིམ་པའི་མཛེས་ལྗོངས་ཁུལ་གྱི་གྲངས་ཚད་མང་དུ་ཕྱིན་པ་མ་ཟད། ད་དུང་རང་ལྗོངས་ཀྱི་A5རིམ་པའི་མཛེས་ལྗོངས་ཁུལ་གྱི་གྲུབ་ཆ་ལེགས་སུ་འགྲོ་རྒྱུ་རེད།

    ཡུལ་སྐོར་འཕེལ་རྒྱས་བཏང་ནས་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྣེ་ཁྲིད་བྱས་པ།

    ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་ཆང་ཁྱིམ་གྲོང་ཚོར་ནས་ཆང་གི་ཕ་ཡུལ་ཞེས་བརྗོད་ཀྱི་ཡོད། དེ་གར་འཕྱོངས་རྒྱས་ཆང་ཁྱིམ་གྱི་ནས་ཆང་རིག་གནས་དུས་ཆེན་སྐབས་གཉིས་བདེ་བླག་ངང་གཉེར་ཟིན་པ་རེད། རིག་གནས་དུས་ཆེན་ཐོག་ཡུལ་སྐོར་བས་ཆང་ཁྱིམ་རང་བྱུང་མཛེས་ལྗོངས་ཁུལ་དུ་ལྟ་སྐོར་བྱས་པ་དང་། ཆང་ཁྱིམ་ནས་ཆང་གི་བྲོ་བ་མྱོང་བ། སྲོལ་རྒྱུན་གྱི་རིག་གནས་ལུས་རྩལ་བྱེད་སྒོའི་ནང་ཞུགས་པ། ཁྱད་ལྡན་འགྲེམས་སྟོན་ཁུལ་དུ་ལྟ་སྐོར་བྱས་པ། མེ་ཕུང་མཚན་ཚོགས་འཚོགས་པ་བཅས་བྱས་པ་མ་ཟད། ད་དུང་ཆེད་མངགས་ཡུལ་སྐོར་བ་ཚོར་ཞིང་ཁྱིམ་གྱི་ཡུལ་སྲོལ་གོམས་གཤིས་ཉམས་སུ་མྱོང་དུ་བཅུག་པ་དང་། ཞིང་ཁྱིམ་དུ་སྡོད་པ། ཞིང་ཁྱིམ་གྱི་ཁ་ལག་ཟ་བ་སོགས་ཀྱི་རོལ་རྩེད་བྱེད་སྒོ་སྣ་ཚོགས་སྤེལ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་ནང་གྲོང་ཚོ་དེས་ཆང་ཁྱིམ་གྱི་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆ་སྤྱད་དེ་ཞིང་འབྲོག་མང་ཚོགས་སྣེ་འཁྲིད་ཀྱིས་དབུལ་སྒྲོལ་ཕྱུག་འགྱུར་གྱི་འཕེལ་རྒྱས་ལམ་བུའི་ཐོག་སྐྱོད་ཡོད། “ཡུལ་སྐོར་བ་ཇེ་མང་དུ་སོང་བ་དང་བསྟུན་ནས་གྲོང་མི་ཚོའི་ཡོང་འབབ་ཀྱང་མང་དུ་ཕྱིན་ཡོད། གྲོང་ཚོ་དེའི་ནང་ཡུལ་སྐོར་ལས་རིགས་ཀྱིས་ཞིང་འབྲོག་པར་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྣེ་འཁྲིད་བྱས་པ་མངོན་གསལ་དོད་པོ་ཡོད”ཅེས་གྲོང་སྡོད་ལས་དོན་རུ་ཁག་གི་རུ་མིས་བརྗོད།

    ཡུལ་སྐོར་ལས་རིགས་དེ་རང་ལྗོངས་ཀྱི་ཞིང་འབྲོག་པར་འབབ་འཕར་ཕྱུག་འགྱུར་ཡོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན་པ་གསལ་པོར་མཐོང་ཐུབ། ངོ་སྤྲོད་བྱས་པར་གཞིགས་ན། 2017ལོར་རང་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་ཀྱིས་ལོ་འཁོར་མོར་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་2500ཡན་ལ་སྣེ་ལེན་ཞུ་ཐུབ་པ་བྱས་ནས་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་370ཡན་ཟིན་པ་བྱ་རྒྱུ་དང་ཡུལ་སྐོར་དཔལ་འབྱོར་གྱི་ལས་ཞུགས་བསྡོམས་འབོར་མི་ཁྲི་38ཟིན་པ་བྱ་རྒྱུ་རེད། “ལོ་ལྔ་ཚན་བཅུ་གསུམ་པའི”ལོ་མཇུག་ཏུ་རང་ལྗོངས་ཀྱིས་ལོར་ཡུལ་སྐོར་བ་མི་ཐེངས་ཁྲི་3000ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་ལས་རིགས་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་550ཟིན་པ་བྱ་རྒྱུ་དང་ཡུལ་སྐོར་དཔལ་འབྱོར་གྱི་ལས་ཞུགས་བསྡོམས་འབོར་མི་ཁྲི་50ཟིན་པ་དང་ཞིང་འབྲོག་པ་ཡུལ་སྐོར་ལས་རིགས་ནང་ཞུགས་ཚད་མི་གྲངས་ཁྲི་19ཟིན་པ་བྱས་ནས་ཡུལ་སྐོར་ཞབས་ཞུའི་ལས་རིགས་ནང་ཞུགས་མཁན་ཞིང་འབྲོག་པར་ལོར་མི་རེར་ཆ་སྙོམས་ཡོང་འབབ་ཁེར་གཙང་སྒོར་ཁྲི་1.6ཟིན་པ་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།