ཟླ་7ཚེས་25ཉིན་ཡུལ་ཤུལ་རྟ་རྒྱུག་དུས་ཆེན་དང་། སྐབས་གཉིས་པའི་གངས་ལྗོངས་གེ་སར་རིག་གནས་སྒྱུ་རྩལ་དུས་ཆེན། གཙང་གསུམ་ཆུ་འགོའི་རིག་གནས་དུས་ཆེན་བཅས་མཚོ་སྔོན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་བཀྲ་ཤིས་ཁོག་རྟ་རྒྱུག་ཐང་དུ་གཏོང་འགོ་ཚུགས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཚེས་26ནས་ཚེས་28ཉིན་བར་རྟའི་འགྲོས་དང་རྒྱུག་ཤེད་འགྲན་བསྡུར་དང་། འཆམ་འཁྲབ་པ། དེ་བཞིན་མེ་ཕུང་དགོང་ཚོགས་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་རེད།སྐད་ཆ་ཤོད་ཤེས་པ་ཙམ་ནས་གཞས་གཏོང་ཤེས་པ་དང་རྟ་བཞོན་ཤེས་པ་ཙམ་ནས་རྟ་རྩལ་འགྲན་་ཤེས་ཤིང་། སྙན་འཇེབས་ལྡན་པའི་མི་རིགས་ཀྱི་རོལ་དབྱངས་ཁྲོད་བསང་འཁྱེར་རྟ་རྩེད་རུ་ཁག་དང་། རྟ་དམག་རུ་ཁག རྟ་རྩལ་རུ་ཁག་སོགས་འཐུས་མི་རུ་ཁག་གཅིག་མཇུག་གཉིས་མཐུད་ངང་འགྲན་བསྡུར་ཐང་དུ་ཡོང་བ་དང་། འགོ་ཚུགས་མཛད་སྒོ་ཚོགས་ཡུལ་དུ་ཡུལ་ཤུལ་གྱི་སྐྱས་སྤོས་རིག་གནས་དང་། སོ་ནམ་རིག་གནས། དེ་བཞིན་གེ་སར་རིག་གནས་སོགས་དང་འབྲེལ་བའི་འཁྲབ་སྟོན་མང་པོ་བྱས་པ། མི་རིགས་རིག་གནས་ཀྱི་ཁྱད་ཆོས་དང་གནའ་ཉམས་ལྷག་པར་ལྡན་པའི་རྟ་ཐོག་མདའ་འཕེན་དང་། རྟ་རྩལ་ངོམ་པ། རྒྱུག་ཤེད་འགྲན་པ་སོགས་ལས་ཁམས་པའི་དཔའ་མཛངས་རྟུལ་ཕོད་ཀྱི་དཔའ་བོའི་ཉམས་སྣང་མངོན་གྱི་ཡོད།