ནག་ཆུ་ས་ཁུལ་གྱིས“ནག་ཆུའི་སྙིང་སྟོབས”བཏོད་ནས་དར་སྤེལ་གཏོང་བའི་སྐོར་གྱི་དངོས་བྲིས། (བར་ཆ)
ནག་ཆུ་ས་ཁུལ་གྱིས་སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་དམ་པོར་སྲུང་བ་དང་། ལས་གནས་གཅིག་ལ་འགན་འཁྲི་གཉིས་དོན་འཁྱོལ་ནན་པོ་བྱས་ཏེ་གཙོ་གནད་སྣོད་བཅུད་འདུ་འགོད་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ནས་བྱང་ཐང་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དེ་སྲུང་སྐྱོང་ཏན་ཏིག་བྱས་ཤིང་། འདི་ནི་སྲུང་སྐྱོང་ཁུལ་ནང་གཙོད་མོ་ཁྱུ་གཅིག་གཙོད་ཕྲུག་སྐྱེ་ཡུལ་དུ་སྐྱོད་བཞིན་པ།
ཟླ་6ཚེས་16ཉིན། ས་བབ་མཐོ་ཚད་སྨི་5231ཡོད་པའི་གདང་ལ་བསྒྲོལ་ནས་ཨ་མདོ་རྫོང་བྲག་སྨུག་གྲོང་རྡལ་ཡོལ་རྗེས་བྱེ་རྡོའི་ལམ་ཞིག་བརྒྱུད་ཨ་མདོ་རྫོང་གྲོང་དང་བར་ཐག་སྤྱི་ལེ་270སར་ཡོད་པའི་དམར་ཆུ་ཤང་སྲིད་གཞུང་གནས་ཡུལ་དུ་འབྱོར་གྱི་ཡོད། ཤང་སྲིད་གཞུང་དང་མི་རིང་བའི་སར་སློབ་གོས་སྔོན་པོ་གྱོན་པ་དང་དཔུང་རྟགས་དམར་པོ་བཏགས་པའི་བུ་ཞིག་གིས་ས་ཐོག་ནས་འཐུང་ཆུའི་འགྱིག་དམ་སྒྲུག་ནས་གད་སྙིགས་བླུགས་སྒམ་ནང་བླུགས་བཞིན་འདུག
བུ་དེས་བཏགས་པའི་དཔུང་རྟགས་ཐོག“སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་པ་ཆུང་ཆུང”ཞེས་བྲིས་འདུག
བུ་དེ་ནི་དམར་ཆུ་ཤང་སློབ་ཆུང་ལོ་རིམ་གཉིས་པའི་སློབ་མ་བློ་བཟང་ཟླ་བ་རེད། བུ་དེས“ང་ཚོའི་སློབ་གྲྭར་ང་དང་འདྲ་བའི་ཁོར་ཡུག་སྲུང་སྐྱོང་པ་ཆུང་ཆུང་20ལྷག་ཙམ་ཡོད”ཅེས་བཤད།
ས་གཙང་དེ་སྲུང་སྐྱོང་ཡག་པོ་དང་ཚེ་སྲོག་གི་ཆུ་བོ་སྲུང་སྐྱོང་ཡག་པོ་བྱ་ཆེད། དམར་ཆུ་ཤང་གི་ཏང་སྲིད་ལས་བྱེད་པ་དང་། དགེ་རྒན། སློབ་མ་བཅས་དང་དེ་བཞིན་མི་རབས་ནས་མི་རབས་བར་དེ་གར་འཚོ་སྡོད་བྱེད་མཁན་མང་ཚོགས་ཚོར་བདེན་དོན་སྣོན་མེད་ཀྱི་ལས་འགན་ཞིག་ཡོད་པ་སྟེ། ཁོང་ཚོ་ཚང་མ་ལྷག་བསམ་རྣམ་དག་གི་གཙང་གསུམ་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་པ་ཤ་སྟག་ཡིན་པ་དེ་རེད།
དམར་ཆུ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ནམ་མཁའ་རྒྱལ་མཚན་གྱིས“འདི་གར་རང་བྱུང་ཁམས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་གདོད་མའི་རྣམ་པ་ཉར་ཚགས་ཡག་པོ་ཐུབ་ཡོད། རང་ཉིད་ཀྱིས་འདི་གའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་ཧུར་ཐག་བྱེད་འདོད་ཡོད་པ་དེའང་ས་ཁོངས་འདིར་འཚོ་གནས་བྱེད་མཁན་འབྲོག་པ་ཚོའི་རེ་བའང་ཡིན”ཞེས་བཤད།
ལོ་འདི་དག་ནང་མཚོ་སྔོན་ནས་ཡོང་བའི་འབྲེལ་ཡོད་བྱེད་སྒོ་སྤེལ་མཁན་ཚོས་སྐུ་ལྷ་དར་མདོང་དུ་བསྐྱོད་རྩིས་ཐེངས་མང་བྱས་རུང་འབྲེལ་ཡོད་ཞིབ་མཆན་གྱི་འགྲོ་ལུགས་གང་ཡང་མེད་པར་བརྟེན། ཕྱིར་སློག་བྱས་པ་དང་ཕྱིར་སློག་བྱེད་མཁན་ཚང་མ་དམར་ཆུ་ཤང་གི་ཏང་སྲིད་ལས་བྱེད་པ་དང་འབྲོག་པ་སོགས་ལས་གྲུབ་པའི་འབྲི་ཆུའི་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་གི་སྐོར་ཞིབ་རུ་ཁག་ཡིན་པ་གསར་འགོད་པས་ཤེས་རྟོགས་བྱུང་།
གསར་འགོད་པ་དང་བཅས་པས་དམར་ཆུ་ཤང་དུ་བཅར་འདྲི་བྱེད་སྐབས། ས་གནས་དེ་གའི་མི་ཡིན་པའི་ནམ་མཁའ་རྒྱལ་མཚན་གྱིས་སྐུ་ལྷ་དར་མདོང་ལ་དམིགས་བསལ་གྱི་བརྩེ་དུང་ཡོད་པ་རེད། ཁོང་གིས“འབྲི་ཆུའི་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་བྱ་རྒྱུ་དེ་ས་གནས་དེ་གའི་དོན་ཆེན་ཨང་དང་པོ་རེད”ཅེས་བཤད།
མི་རབས་ནས་མི་རབས་བར་དམར་ཆུ་ཤང་དམར་གསོ་རིལ་གྲོང་ཚོར་འཚོ་སྡོད་བྱེད་མཁན་འབྲོག་པ་བསོད་ནམས་དཔལ་འབྱོར་ན་ནིང་འབྲོག་པའི་སྣོད་བཅུད་སྲུང་སྐྱོང་སྐོར་ཞིབ་རུ་མིའི་ངོས་ནས་སྐུ་ལྷ་དར་མདོང་གི་སྤྱང་ཀུ་དེའུ་རི་འཁྱགས་རོམ་དུ་ཐོག་མར་ཡོང་སྐབས་ཧང་སངས་ཡོད། ཁོང་གིས“དེ་སྔ་འཁྱགས་རོམ་ལ་ལྟ་མྱོང་ཡོད་པའི་རྒན་རབས་ཚོས་འཁྱགས་རོམ་ཆུང་དུ་འགྲོ་གི་འདུག་ཅེས་བརྗོད་པ་ཐོས་མྱོང་ཡོད། རང་ཉིད་ངོ་མས་མཐོང་རྗེས་འཁྱགས་རོམ་དེ་ངེས་པར་དུ་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་འགན་སེམས་ཤིག་བྱུང”ཞེས་བཤད།
ད་ཆ་དམར་ཆུ་ཤང་ཁོངས་གཏོགས་སུ་གྲོང་ཚོ་6དང་མི་འབོར་2825ཡོད་པ་དང་སྣོད་བཅུད་སྲུང་སྐྱོང་པ་120ཡོད་པ་མ་ཟད། ད་དུང་ལས་བྱེད་པ་20ལས་གྲུབ་པའི་འཕྲལ་སྒྲུབ་རུ་ཁག་ཀྱང་ཡོད་པ་དེའི་འགན་འཁྲི་ནི་སྐོར་ཞིབ་དང་། རོགས་སྐྱོབ། འགྱིག་ཤོག་གད་སྙིགས་སྒྲུག་པ་སོགས་བྱ་རྒྱུ་དེ་རེད།
ཨ་མདོ་རྫོང་གི་རྫོང་དཔོན་བཀྲ་ཤིས་ཕུན་ཚོགས་ཀྱིས“རྫོང་ནས་ལོ་ལྟར་མ་དངུལ་སྒོར་ཁྲི་20བཏང་སྟེ་འབྲི་ཆུའི་ཆུ་འགོ་སྲུང་སྐྱོང་བྱེད་ཀྱི་ཡོད་པས་འཁྱགས་རོམ་དུ་སྐྱོད་སའི་ལམ་ཞིག་བཟོ་མི་ཐུབ་པ་མེད་རུང་། རྐང་བཙུགས་ནས་མ་བཟོས་པ་ནི་གནས་མཇལ་བ་མང་པོ་ཡོང་རྒྱུ་འགོག་པ་ཞིག་ཡིན”ཞེས་བཤད།
ལོ་ལྟར་གྱི་ཟླ་5པར། མར་ལུ་གུ་ཐང་རྩྭ་ཐང་ཐོག་ཉིན་འགའ་རྒྱུན་མཐུད་ཀྱི་འབྲི་ཆུའི་ཆུ་འགོའི་སྣོད་བཅུད་སྲུང་སྐྱོང་གི་དམངས་ཡོངས་ཀྱི་ཚོགས་འདུ་འཚོག་གི་ཡོད། འབྲོག་པའི་ངོས་ནས་བརྗོད་ན་དེ་ནི་ལོ་གཅིག་ལ་ཐེངས་གཅིག་གི་ལོ་འཁོར་གྱི་རྒྱས་ཚོགས་ཤིག་དང་ཤང་དེ་ཡོངས་ཀྱི་ཆབ་སྲིད་དང་དཔལ་འབྱོར་དང་རིག་གནས་སྤེལ་རེས་བྱེད་མང་བའི་དུས་ཚིགས་ཤིག་རེད། ཤང་ཏང་ཨུད་དང་སྲིད་གཞུང་གིས་གོ་སྐབས་བཟང་པོ་དེ་སྤྱད་དེ“འབྲི་ཆུའི་ཆུ་འགོ་ནི་ངའི་ཁྱིམ་ཡིན། སྣོད་བཅུད་སྲུང་སྐྱོང་བྱ་རྒྱུའི་འགན་འཁྲི་ཚང་མར་ཡོད”པའི་འདུ་ཤེས་ཁྱབ་གདལ་ཤུགས་ཆེན་གཏོང་གི་ཡོད།
ལོ་67ལ་སོན་པའི་བགྲེས་སོང་ཡུལ་ལྷ་དང་ཁོང་གི་བཟའ་ཟླ་ཐར་པ་སྒྲོལ་མས་དེ་གར་འཛམ་གླིང་གི་སྐམ་སའི་འཁྱགས་རོམ་ཆེ་ཤོས་ཏེ་བུ་རོགས་གངས་རིའི་འཁྱགས་རོམ་སྲུང་སྐྱོང་བྱེད་ཀྱི་ཡོད། ཁོང་གཉིས་ནི་མཚོ་གཉིས་ཀྱི་ཡག་ཆུ་ཤང་གི་མི་ཡིན་པ་རེད།
བགྲེས་སོང་གིས“དེ་སྔ་བུ་རོགས་གངས་རིའི་འཁྱགས་རོམ་ང་ཚོའི་གུར་རྒྱག་ས་བར་ཡོད་པ་དང་ད་ཆ་སྨི་བརྒྱ་ཕྲག་ཁ་ཤས་ཀྱི་ས་བར་བཞུར་ནས་ཆུང་དུ་ཕྱིན་འདུག”ཅེས་བཤད།
བུ་རོགས་གངས་རིའི་འཁྱགས་རོམ་དང་མི་རིང་བའི་སར་གནས་པའི་བྱང་ཐང་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནག་ཆུ་ས་ཁུལ་དོ་དམ་ཅུས་ཡག་ཨ་མུའུ་དོ་དམ་ས་ཚིགས་ཀྱི་ལས་དོན་པ་ཚོས་ཉིན་གཅིག་གི་སྐོར་གཡེང་ཐེངས་གཉིས་པ་དེ་བྱེད་འགོ་ཚུགས། ལོ་26ལ་སོན་པའི་ཀྲེན་ཀྲང་བསོད་རྒྱལ་གྱིས་ང་ཚོའི་འགན་འཁྲི་ནི་ཕྱི་རོལ་ཡུལ་དུ་སྐོར་ཞིབ་དང་ལྟ་ཞིབ་ཚད་ལེན་བྱེད་པ་ཕུད། ད་དུང་རྨས་སྐྱོན་ཕོག་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྐྱོབ་བཅོས་བྱ་རྒྱུ་དེ་རེད་ཅེས་གསར་འགོད་པར་བཤད།
ཁོང་གིས“འདི་གའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱི་གྲངས་ཚད་དེ་སྔ་ལས་མང་དུ་ཕྱིན་ཡོད”ཅེས་བཤད།
ནག་ཆུ་ས་ཁུལ་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱི་ཅུས་ཀྲང་ཚེ་རིང་སྐར་མས“ལོ་འདི་དག་ནང་ནག་ཆུ་ས་ཁུལ་གྱིས་སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས་བོད་བྱང་ཐང་གི་ས་མཐོའི་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་ཡོད”ཅེས་བཤད།
མཚོ་གཉིས་རྫོང་གིས་བསྐྲུན་འགོ་ཚུགས་པའི་ནགས་ལས་ཀྱི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་ས་ཚིགས་8དེ་དག་ལ་བདག་སྐྱོང་པ་68གདན་ཞུ་བྱས་ཡོད་པ་དང་སྲུང་སྐྱོང་ཁུལ་གྱི་འགག་སྒོ་ནན་པོ་བསྲུང་བ་བརྒྱུད་མཚོ་གཉིས་རྫོང་གིས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ལ་ནད་ཡམས་སྔོན་འགོག་ཚོད་འཛིན་ཡག་པོ་བྱས་ནས་ལྐོག་རྔོན་རྒྱག་པའི་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་གི་ཡོད། 2016ལོར་རྫོང་དེ་ཡོངས་ཀྱིས་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱིས་གནོད་འཚེ་བཏང་བའི་ཁ་གསབ་སྒོར་ཁྲི་296.5སྤྲད་ཡོད་པ་གསར་འགོད་པར་ཤེས་རྟོགས་བྱུང་།
ནག་ཆུ་ས་ཁུལ་ཁོར་ཡུག་སྲུང་སྐྱོང་ཅུས་ཀྱི་ཅུས་ཀྲང་ཚེ་རིང་སྐར་མས་ཉེ་བའི་ལོ་ཤས་ནང་ནག་ཆུ་ས་ཁུལ་གྱིས་སྣོད་བཅུད་སྲུང་སྐྱོང་དང་སྣོད་བཅུད་དམངས་ཕན་གཅིག་གྱུར་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སྣོད་བཅུད་ཕན་འབྲས་ཁ་གསབ་ཀྱི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་མང་ཚོགས་སྣོད་བཅུད་སྲུང་སྐྱོང་ནང་ཞུགས་ཏེ་ལས་ཞུགས་ཐུབ་པ་བྱས་ཐོག་མང་ཚོགས་དེ་བས་མང་བར“སྣོད་བཅུད་སྲུང་སྐྱོང་ལ་བརྟེན་ནས་འབབ་འཕར”བྱུང་ནས་ཕྱུག་པོའི་ལམ་དུ་སྐྱོད་ཐུབ་པ་བྱས་པ་རེད།
ད་ཆ་ལོ་བདུན་ཅུ་ལྷག་ཙམ་ལ་སླེབས་པའི་ཚེ་རིང་དབང་ཆེན་ནི་ནག་ཆུ་ས་ཁུལ་ཨ་མདོ་རྫོང་རྩྭ་རིང་གྲོང་རྡལ་གྲོང་ཚོ་ལྔ་པའི་གྲོང་མི་ཞིག་ཡིན་ལ། ཁལ་མ་རུ་ཁག་གི“དཔོན་པོར”ཐོག་མར་གྱུར་པ་ནས་ད་ཆའི་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པར་གྱུར་པའི་བར་གྱི་བགྲེས་སོང་འདིའི་རྔུལ་ཆུས་བརླན་པའི་ཚྭ་དབོར་བའི་མི་ཚེ་རིང་མོ་ནི་བོད་བྱང་ཐང་གི་འབྲོག་པ་ཚོའི་ཚེ་སྲོག་གི་མཉམ་སྒྲོག་རོལ་དབྱངས་ཤིག་དང་བོད་མི་རིགས་ཀྱི་སྙིང་སྟོབས་ཀྱི་བསྡུས་རིས་ལྟ་བུ་ཞིག་ཡིན་པ་རེད།
ད་ལྟའི་བར་ཏུ། ནག་ཆུའི་གདོད་མའི་རང་བྱུང་མཛེས་ལྗོངས་དང་སྐྱས་སྤོས་རིག་གནས་ཀྱིས་བཏོད་པའི་ཤེས་དཔལ་རྣམ་པར་བཀྲ་ཞིང་། འབྲོག་པ་ཚོས་དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ནི་རང་བྱུང་ཁམས་ཆེན་པོའི་གྲུབ་ཆ་ཞིག་ཡིན་སྙམ་ནས་སྲོག་ཆགས་མཐའ་དག་དང་མཛའ་མཐུན་གྱི་འབྲེལ་བ་རྒྱུན་འཁྱོངས་བྱེད་ཀྱི་ཡོད་པ་རེད།
ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་རྒྱལ་ཡོངས་གླིང་སྒྲུང་གཞུང་དོན་ཁང་གི་ཀྲུའུ་རེན་འབུམ་རམས་པ་ནོར་བུ་དབང་ལྡན་གྱིས“རྩྭ་ཐང་གི་སྐྱས་སྤོས་རིག་གནས་ནི《གླིང་སྒྲུང》སྒྱུ་རྩལ་སྐྱེད་སྲིང་བྱ་སའི་ས་གཞི་གཤིན་པོ་དེ་རེད”ཅེས་བརྗོད་པ་རེད།
འབུམ་རམས་པ་ནོར་བུ་དབང་ལྡན་གྱིས། “《གླིང་སྒྲུང》ནི་སྐྱས་སྤོས་རིག་གནས་ལ་གཞི་བཙུགས་ནས་དར་བ་ཞིག་ཡིན། སྐྱས་སྤོས་རིག་གནས་ལས་བྱུང་བའི་སྐོར་བསྐྱོད་ཀྱི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་ཀྱིས་ལོ་རྒྱུས་སྙན་ངག་འདི་བརྒྱུད་བསྒྲགས་བྱས་པ་རེད”ཅེས་བརྗོད་པ་རེད།
2014ལོར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས《གླིང་སྒྲུང》འདི་ཉིད་འཛམ་གླིང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པར་གཏན་འཁེལ་བྱས་ཤིང་། ལོ་དེར་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་རྒྱལ་ཡོངས་གླིང་སྒྲུང་གཞུང་དོན་ཁང་གིས་ནག་ཆུ་ས་ཁུལ་ལ“གླིང་སྒྲུང་སྒྱུ་རྩལ་པའི་ཕ་ཡུལ”ཞེས་པའི་གཟི་བརྗིད་མཚན་སྙན་ཡང་གནང་བ་རེད།
ནག་ཆུ་ས་ཁུལ་རིག་གནས་ཅུས་ཀྱི་ཅུས་ཀྲང་ཟླ་བཟང་ཨ་མེས་ཀྱིས“མིག་སྔར་སྒྲུང་པ་90%ཡན་ནག་ཆུ་ས་ཁུལ་དུ་ཡོད། ‘མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པའི’མཚན་སྙན་ཐོབ་པའི་ནག་ཆུའི་སྒྲུང་པ་71ཁྲོད་དུ་རྒྱལ་ཁབ་རིམ་པའི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པ་2དང་རང་སྐྱོང་ལྗོངས་རིམ་པའི་འཐུས་ཚབ་རང་བཞིན་གྱི་རྒྱུན་འཛིན་པ་7ཡོད”ཅེས་བརྗོད་པ་རེད།
ཉེ་བའི་ལོ་ཤས་རིང་། རང་བྱུང་ཁམས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཛེས་ལྗོངས་ལ་བརྟེན་ནས་ནག་ཆུ་ས་ཁུལ་གྱིས་ས་ཁུལ་དེ་ཡོངས་ཀྱི་གནས་ཡུལ་དང་། འགྲིམ་འགྲུལ། སྲིད་ཇུས། ཁོར་ཡུག ཐོན་ཁུངས་བཅས་ཀྱི་ལེགས་ཆ་སྔོག་འདོན་དང་འདོན་སྤེལ་གང་ལེགས་བྱས་ཏེ“དྭངས་གཙང་གི་ནག་ཆུ། གནམ་སའི་བར་གྱི་འགྲུལ་བཞུད”ཀྱི་གཟུགས་བརྙན་གཏན་འཁེལ་བྱས་པ་རེད།
ནག་ཆུ་ས་ཁུལ་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་ཀྲུའུ་རེན་ལིའུ་པའོ་ཅེས། ནག་ཆུ་ས་ཁུལ་གྱི་རང་བྱུང་མཛེས་ལྗོངས་དང་རིག་གནས་མྱོང་རོལ་སོགས་ཀྱི་ཁྱད་ལྡན་ཡུལ་སྐོར་ཐོན་རྫས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ནག་ཆུ་ས་ཁུལ་འདི་ཉིད་ཤུགས་རྐྱེན་ཅུང་ཆེན་པོ་ལྡན་པའི་བོད་ཀྱི་རིག་གནས་སྤྲོ་གསེང་མྱོང་རོལ་གྱི་ཡུལ་སྐོར་དམིགས་ས་ཞིག་ཏུ་འགྱུར་བར་བྱེད་པ་དང་ཆབས་ཅིག་བོད་ཀྱི་ཡུལ་སྐོར་གྱི་བཀྲག་མདངས་འཚེར་ས་གསར་པ་དང་ཐ་ན་རྒྱལ་ནང་གི་རིག་གནས་སྤྲོ་གསེང་མྱོང་རོལ་གྱི་ཡུལ་སྐོར་དཔེ་སྟོན་ཁུལ་ཞིག་ཏུ་རིམ་བཞིན་འགྱུར་བར་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
འགན་འཁུར་རྩོམ་སྒྲིག་པ། 罗布玉珍
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣