དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • རྐང་འཁོར་བཞོན་པའི་ཚ་རླབས་ཀྱིས་བོད་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ​ མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ​ ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲང་དབྱི་ཉིང་།   |     སྤེལ་དུས།  2017-07-13

    དབྱར་ཟླ་བདུན་པ་འཆར་ནའང་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱི་མཚུར་ཕུ་ལུང་ཤུར་དུ་དབྱར་གྱི་ཚ་གདུག་གཏན་ནས་མེད་པར་དེ་ལས་ལྡོག་སྟེ་ཆར་པ་སིམ་སིམ་བབས་ནས་སྟོན་དུས་ཀྱི་གྲང་རླུང་ཕྲན་བུ་ལྡང་། འོན་ཀྱང་ཀྲའོ་ཅན་ཝུན་གྱི་རྐང་འཁོར་བཞོན་པའི་སྤྲོ་སེམས་ཆུང་དུ་ཕྱིན་མེད།

    ཀྲའོ་ཅན་ཝུན་ཞོགས་པ་སྔ་པོ་ནས་མཚུར་ཕུ་ལུང་ཤུར་དུ་རི་ཐང་རྐང་འཁོར་ཉམས་ལེན་འགྲན་བསྡུར་འགོ་འཛུགས་སར་ཡོང་། ཁོང་གིས་ཅོག་ལེ་བཟས་ཏེ་ལུས་ཟུངས་གསབ་ཞོར་དུ་འགྲན་ལམ་གྱི་ཁ་སྤྲོད་དུ་བཏབ་པའི་མུའུ་ཆིག་སྟོང་གི་རྒྱ་སེའི་མེ་ཏོག་གླིང་ལ་ལྟ་བཞིན་ཡོད། རབ་ཏུ་བཞད་པའི་རྒྱ་སེའི་མེ་ཏོག་དེ་དག་ཆར་རྗེས་ཀྱི་སྨུག་པའི་ཁྲོད་རབ་རིབ་ལས་མི་མངོན་པའི་རྒྱང་རིང་གི་རི་བོ་དང་ལྷན་དུ་འདྲེས་ནས་ལྟ་བས་མི་ངོམས་པའི་མཛེས་ལྗོངས་ཤིག་མངོན།

    མཚུར་ཕུ་ལུང་ཤུར་གྱི་རི་ཐང་རྐང་འཁོར་ཉམས་ལེན་འགྲན་བསྡུར་སྐབས་གསུམ་གཉེར་ཡོད། འོན་ཀྱང་འདི་ལོ“ཞང་ཞུང་མེ་ཏོག”ཅེས་མིང་འདོགས་ཐེངས་དང་པོ་ཡིན་པ་རེད། སྟོད་ལུང་བདེ་ཆེན་ཆུས་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་རྣམ་སྒྲོལ་ཆོས་ཉིད་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། “ཞང་ཞུང་མེ་ཏོག”ཅེས་པས་ཁུལ་དེ་གའི་རང་བྱུང་དང་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་སྙིང་དོན་མཚོན་སྟབས་རྐང་འཁོར་འགྲན་བསྡུར་ལའང་མིང་དེ་ལྟར་བཏགས་པ་དང་། རྐང་འཁོར་བཞོན་རྒྱུར་དགའ་པོ་བྱེད་མཁན་དེ་བས་མང་བས་ཡུལ་སྐོར་གྱི་ཁྲོམ་རར་གསོན་ཤུགས་འཕེལ་བར་བྱེད་རྒྱུའི་རེ་བ་ཡོད་ཅེས་བཤད།

    ད་ཆ་བོད་ཀྱི་ས་ཆ་གང་སར་རྐང་འཁོར་བཞོན་པའི་ཚ་རླབས་འཕྱུར་བ་དང་། རྐང་འཁོར་བཞོན་ནས་བོད་དུ་འགྲོ་རྒྱུ་དེ་གསར་འགྱུར་ཞིག་མ་ཡིན། མཉམ་སྤྱོད་རྐང་འཁོར་ཡང་ལྷ་ས་དང་གཞིས་རྩེའི་ཁྲོམ་གཞུང་དུ་ཐོན་ནས་བོད་ཀྱི་གྲོང་ཁྱེར་དུ་ལྟ་སྐོར་བྱེད་པའི་གདམ་ག་གསར་པ་ཞིག་ཏུ་གྱུར་ཡོད། དེས་ན་རྐང་འཁོར་འགྲན་བསྡུར་ནང་དེ་ལྟ་བུའི་སྤྲོ་སེམས་དེ་བས་མངོན་གསལ་དོད་པོ་ཡོད། ཐེངས་འདིའི་མཚུར་ཕུ་ལུང་ཤུར་གྱི་རི་ཐང་རྐང་འཁོར་ཉམས་ལེན་འགྲན་བསྡུར་གྱི་སྤྱི་ཁྱབ་ཤན་འབྱེད་པ་ཟླ་བ་ཚེ་རིང་གིས་གསར་འགོད་པར་འདི་ལོ་འགྲན་བསྡུར་ནང་ཞུགས་མཁན་ལོ་མཐོ་ཤོས་ཡིན་པའི་ལི་པིང་ལོ་60སླེབས་པ་མ་ཟད། ད་དུང་ཁོང་གིས་རང་གི་བུ་འཁྲིད་ནས་འགྲན་བསྡུར་ནང་ཞུགས་ཡོད་ཅེས་བཤད།

    སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་འགྲན་བསྡུར་བྱེད་པ་དང་ཆབས་ཅིག་འགྲན་ཞུགས་པ་ཚོས་ལམ་རྒྱུད་ཀྱི་མཛེས་ལྗོངས་ཀྱང་མྱོང་རོལ་བྱེད་ཀྱི་ཡོད། བུད་མེད་ཚོགས་ཆུང་གི་ཨང་དང་པོ་ལི་ཡོན་ནི་ཁྲེང་ཏུའུ་ནས་ཡིན་པ་དང་དེ་གོང་རྒྱལ་ལམ་318ལམ་རྒྱུད་ཀྱི་རྐང་འཁོར་བཞོན་པའི་འགྲན་བསྡུར་ནང་ཞུགས་མྱོང་ཡོད། “ད་ཆ་ནང་སར་སྔ་ས་ནས་པད་ཁའི་མེ་ཏོག་ཡལ་ཟིན་ཡོད། འདི་གའི་འགྲན་ལམ་གྱི་ཉེ་འགྲམ་དུ་པད་ཁའི་མེ་ཏོག་རབ་ཏུ་བཞད་ནས་མཛེས་ལྗོངས་ལྟ་ན་སྡུག་པ་ཞིག་འདུག”ཅེས་བཤད། ལྷག་པར་དུ་ལི་ཡོན་གྱིས་འགྲན་བསྡུར་འགོ་འཛུགས་ཁུལ་དུ་བཞད་པའི་རྒྱ་སེའི་མེ་ཏོག་ལྟ་ན་སྡུག་པ་ཞིག་འདུག “འགྲན་བསྡུར་མཇུག་འགྲིལ་རྗེས་དེ་གར་ཡང་བསྐྱར་ཕྱིན་ནས་པར་ཁ་ཤས་རྒྱག་གི་ཡིན”ཞེས་བཤད།

    མཚོ་སྔོན་ནས་ཡིན་པའི་ཝུའེ་ཁུའེ་བོད་དུ་གཉེར་བའི་རྐང་འཁོར་འགྲན་བསྡུར་ཆེ་གྲས་ཚང་མའི་ནང་ཞུགས་མྱོང་ཡོད། མཚུར་ཕུ་ལུང་ཤུར་གྱི་སྤང་ལྗོངས་དང་མེ་ཏོག་གླིང་དང་། བྲག་གསུམ་མཚོའི་རི་སྔོ་ཆུ་དྭངས། ཡངས་པ་ཅན་གྱི་ཐང་རྒོད་བཅས་ཚང་མས་ཁོང་ལ་བག་ཆགས་ཟབ་མོ་བཞག་ཡོད།

    བོད་རང་སྐྱོང་ལྗོངས་ལུས་རྩལ་ཐོན་ལས་དང་སྒྲིག་བཀོད་གསར་སྤེལ་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཟླ་བ་དོན་གྲུབ་ཀྱིས་མཚུར་ཕུ་ལུང་ཤུར་གྱི་རྐང་འཁོར་འགྲན་བསྡུར་དང་བྲག་གསུམ་མཚོ་སྐོར་བའི་རྐང་འཁོར་འགྲན་བསྡུར་ཡིན་ནའང་འདྲ། ཡང་ན་ཡངས་པ་ཅན་གྱི་ཤོག་བུ་ལའི་རྐང་འཁོར་འགྲན་བསྡུར་ཡིན་ཡང་རུང“སྲིད་གཞུང་གིས་འགྲན་བསྡུར་དེ་དག་ལ་སྐུལ་འདེད་གཏོང་བའི་དམིགས་ཡུལ་ནི་ལུས་རྩལ་གྱིས་ཡུལ་སྐོར་ཐོན་ལས་ལ་སྐུལ་ཁྲིད་བྱ་ཆེད་ཡིན། དེ་ཡང་ང་ཚོས་ཤོད་པའི‘ལུས་རྩལ་ཡུལ་སྐོར’ཞེས་པ་དེ་རེད། ལུས་རྩལ་གྱིས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་ས་གནས་དེ་གའི་མི་སེར་ལ་ཕན་པ་ཐོབ་པ་བྱ་རྒྱུ་དེའང་འགྲན་བསྡུར་དེའི་ཁྱད་ཆོས་ཤིག་རེད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།