དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཏིང་ཡེ་ཤན་གྱིས་ལྷ་སའི་ཡུལ་སྐོར་ཁྲོམ་རའི་འཕེལ་རྒྱས་གནས་ཚུལ་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-07-10

    ཚེས་6ཉིན་གྱི་ཕྱི་དྲོ་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཏིང་ཡེ་ཤན་གྱིས་ལྷ་སར་ཡུལ་སྐོར་ཁྲོམ་རའི་འཕེལ་རྒྱས་གནས་ཚུལ་ལ་བརྟག་ཞིབ་གནང་ཞིང་། ཁོང་གིས་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། ཁྱད་ལྡན་དང་། རྩེར་སོན། རྩེ་གྲ་བཅས་ཀྱི་འཕེལ་རྒྱས་ཁ་ཕྱོགས་མཐའ་འཁྱོངས། ཡུལ་སྐོར་ལས་རིགས་རྒྱ་སྟོབས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་དམངས་ཕྱུག་བོད་དར་གྱི་གཙོ་ཁྲིད་ཐོན་ལས་སུ་འགྱུར་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ཕོ་བྲང་པོ་ཏ་ལ་དང་གཙུག་ལག་ཁང་སོགས་སུ་ཡུལ་སྐོར་བ་མང་པོ་ཡོད་ལ་སྒྲིག་ལམ་ཡང་ཡག་པོ་ཡོད། “ཁྱེད་ཚོ་གང་ནས་ཕེབས་པ་ཡིན་ནམ”“ལུས་པོ་མི་འཕྲོད་པ་འདུག་གམ”“ལྷ་སར་སྐྱིད་པོ་འདུག་གམ”“ས་ཆ་གང་དུ་ཡུལ་སྐོར་ལ་འགྲོ་རྩིས་ཡོད་དམ”ཞེས་ཏིང་ཡེ་ཤན་གྱིས་ཡང་ཡང་བཀའ་འདྲི་ཞིབ་ཕྲ་གནང་བ་དང་ཡུལ་སྐོར་བས་རང་ལྗོངས་ཀྱི་ཡུལ་སྐོར་དང་། འགྲིམ་འགྲུལ། ཞག་སྡོད། བཟའ་བཏུང་སོགས་ཐད་བཏོན་པའི་བསམ་འཆར་དང་གྲོས་འགོ་ནན་ཏན་ངང་གསན་པ་རེད། ཧྲན་ཏུང་དང་། ཧྲའན་ཤིས། ཧོ་ནན། ཧྲེང་ཀྲེང་སོགས་ཀྱི་ཡུལ་སྐོར་བ་ཚོས་བོད་ཀྱི་མཛེས་སྡུག་ལྡན་པའི་མཛེས་ལྗོངས་དང་། ཐུན་མོང་མ་ཡིན་པའི་མི་རིགས་རིག་གནས། སེམས་རྩ་འཁོལ་ལ་བབ་ཆགས་པའི་མི་དམངས། སྤྱི་ཚོགས་ཀྱི་བདེ་འཇགས་ལེགས་པ་བཅས་གླེང་བ་མ་ཟད།

    དེ་གར་ཧ་ཅང་སྐྱིད་པོ་ཡོད་ལུགས་བརྗོད་པ་དང་འབྲེལ་ཕ་ཡུལ་དུ་ལོག་ནས་གཉེན་ཉེ་དང་གྲོགས་པོ་ཚོར་བོད་ཀྱི་མཛེས་ལྗོངས་ངོ་སྤྲོད་བྱ་རྒྱུ་ཡིན་ཞེས་བཤད། ཏིང་ཡེ་ཤན་གྱིས་གསན་རྗེས་དགྱེས་ཚོར་ཆེན་པོ་བྱུང་ཞིང་། ཁོང་གིས་བོད་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཆེན་པོ་ཕྱིན་པ་དེ་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་གནང་བ་དང་ཁ་འབྲལ་ཐབས་མེད་ལ། སྤྱི་ཚོགས་བརྟན་ལྷིང་དང་། དཔལ་འབྱོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། དམངས་འཚོ་ལེགས་གཏོང་། ཆོས་ལུགས་འཆམ་མཐུན། སྣོད་བཅུད་བཟང་བ། ཏང་འཛུགས་སྐྱོང་ལ་ཤུགས་སྣོན། མཐའ་མཚམས་སྲ་བརྟན་བཅས་ཀྱི་དུས་བབ་བཟང་པོ་དང་ཡང་ཁ་འབྲལ་ཐབས་མེད། ལྷག་པར་དུ་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ཚུན་སྤྱི་ཚོགས་བཅོས་སྐྱོང་སྒྲིག་གཞི་སྔར་བས་གསར་གཏོད་དང་། སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་ཀྱི་དུས་བབ་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་བརྟན་ལྷིང་བཅས་འགན་ལེན་བྱུང་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་གལ་ཆེན་མཁོ་འདོན་ཐུབ་ཡོད་ཅེས་གསུངས་པ་རེད།

    བརྟག་ཞིབ་གནང་སྐབས་ཏིང་ཡེ་ཤན་གྱིས་ད་ཕན་ལོ་ཤས་རིང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་རང་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་ཀྱིས་འཛམ་གླིང་ཡུལ་སྐོར་གྱི་དམིགས་ས་གལ་ཆེན་བསྐྲུན་རྒྱུར་དམིགས་ཏེ་ཡུལ་སྐོར་རིམ་སྤོར་དཔར་གཞི་གཏོད་མགྱོགས་སུ་བཏང་བར་བརྟེན་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། འདི་ལོའི་ལོ་སྟོད་དུ་རིམ་རྩིས་བྱས་ན་རྒྱལ་ཕྱི་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་860.88ལ་སྣེ་ལེན་ཞུས་ནས་25.3%འཕར་བ་དང་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་92.55ཟིན་ནས་32.2%འཕར་ཏེ་ཡུལ་སྐོར་ལས་རིགས་དེ་དཔལ་འབྱོར་འཕར་བའི་ཀ་རྟེན་ཐོན་ལས་སུ་འགྱུར་བ་དང་འབྲེལ་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུན་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས་པ་རེད།

    ཏིང་ཡེ་ཤན་གྱིས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཆེན་པོ་དང་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཐད་རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་གཅིག་ནས་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་སྔར་བས་ཚད་ལྡན་དུ་གཏོང་བ་དང་ཡུལ་སྐོར་བའི་ཁེ་ཕན་སྲུང་སྐྱོང་ཡག་པོ་བྱས་ཏེ་ལྗོངས་ཡོངས་ཀྱི་ཞི་མཐུན་བརྟན་ལྷིང་གི་དུས་བབ་སྲ་བརྟན་དང་འཕེལ་རྒྱས་ཡག་པོ་གཏོང་བ་དང་ཡུལ་སྐོར་གྱི་ཁོར་ཡུག་བཟང་པོ་གཏོད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་ཆེད་སྲ་ཞིང་བརྟན་པའི་འགན་ལེན་མཁོ་འདོན་བྱེད་དགོས་པ་དང་། གཉིས་ནས་མཛེས་ལྗོངས་ཁུལ་གྱི་ལམ་དང་། གད་སྙིགས་དང་བཙོག་ཆུ་གཙང་སེལ། གསང་སྤྱོད་སོགས་རྨང་གཞིའི་སྒྲིག་བཀོད་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཕྱོགས་བསྡུས་ཞབས་ཞུའི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་བ། ཡུལ་སྐོར་གྱི་ལམ་ཐིག་རྩེ་གྲ་སྔར་བས་གཏོད་པ་བཅས་བྱས་ཏེ་ཡུལ་སྐོར་བ་ཚོས་སྣོད་བཅུད་དང་། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས། ལོ་རྒྱུས་བཅས་མྱོང་རོལ་ཐུབ་པ་བྱེད་དགོས་པ། གསུམ་ནས་དྲིལ་བསྒྲགས་ཚོང་གཉེར་ལ་ཤུགས་སྣོན་བརྒྱབ་སྟེ་ཚགས་པར་དང་། རླུང་འཕྲིན། བརྙན་འཕྲིན། དྲ་རྒྱ་སོགས་སྨྱན་སྦྱོར་སྤྱོད་པ་དང་འགྲིམ་འགྲུལ་དང་། ཨར་ཁང་། ཡུལ་སྐོར་ལས་དོན་ཁང་བཅས་དང་མཐུན་སྦྱོར་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རང་ལྗོངས་ཀྱི་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་དང་ཁྱད་དུ་འཕགས་པའི་དམངས་སྲོལ་རིག་གནས་སོགས་ཡུལ་སྐོར་ཐོན་ཁུངས་འཛམ་གླིང་ལ་ངོ་སྤྲོད་བྱས་ཏེ་རྒྱལ་ཕྱི་རྒྱལ་ནང་གི་ཡུལ་སྐོར་བ་ཚོས་བོད་ཀྱི་ཡིད་འོང་མཛེས་ལྗོངས་ལོངས་སུ་སྤྱོད་ཞོར་དུ་བོད་ཀྱི་ཡུལ་སྐོར་མིང་གྲགས་ཆེ་རུ་གཏོང་དགོས་པ། བཞི་ནས་ལྷུ་ཚིགས་ཁག་གི་ཞབས་ཞུ་འགན་ལེན་ལས་དོན་ཞིབ་ཕྲ་དང་ཏན་ཏིག་བསྒྲུབས་ཏེ་གསར་གཏོད་དང་དངོས་སྒྲུབ་ཐོག་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ། ལྔ་ནས་ཁྲོམ་རར་བརྟག་ཞིབ་ཡག་པོ་བྱེད་པ་དང་ཡུལ་སྐོར་གྱི་གནས་ཚུལ་འཕྲལ་དུ་ཤེས་རྟོགས་བྱས་ནས་ཡུལ་སྐོར་ཐོན་རྫས་དང་། ལམ་ཐིག་རྩེ་གྲ མཛེས་སྡུག་ལྡན་པའི་མཛེས་ལྗོངས་བཅས་གསར་གཏོད་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།