ཉིན་ཤས་གོང་། གསར་འགོད་པས་ཉིང་ཁྲི་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་ནས་ཤེས་རྟོགས་བྱུང་གསལ། ཉེ་བའི་ལོ་ཤས་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས“ཡུལ་སྐོར་ལ་བརྟེན་ནས་གྲོང་ཁྱེར་སྐྲུན་པ་དང་། ཡུལ་སྐོར་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བ། ཡུལ་སྐོར་ལ་བརྟེན་ནས་གྲོང་ཁྱེར་དར་རྒྱས་གཏོང་བའི”འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་ཆགས་པར་བྱས་ནས་ཡུལ་སྐོར་ཐོན་ལས་རིམ་སྤོར་ཤུགས་ཆེན་བྱས་ཏེ་འཕེལ་རྒྱས་ནུས་པར་སྐུལ་ཁྲིད་བྱས་པས་ཕན་འབྲས་ཐོན་ཡོད།
ཡུལ་སྐོར་དབུལ་སྐྱོར་ལ་སྐུལ་མ་ནུས་ལྡན་བཏང་ཞིང་། “གསར་གཏོད་འཕེལ་རྒྱས་དང་། ཁྱད་ཆོས་མངོན་གསལ། ལས་སྒོ་ཕུན་ཚོགས། སྤུས་ཚད་མཐོར་གཏོང་། གྲུབ་འབྲས་མཉམ་སྤྱོད”བཅས་ཀྱི་སྤྱིའི་བསམ་ཕྱོགས་ལྟར་ཡིག་ཚགས་དང་གཱ་བཟོ་བ་དེ་གནད་སྨིན་དབུལ་སྐྱོར་གྱི“གཡུལ་འགྱེད་དང་པོ”དང་ཡུལ་སྐོར་དབུལ་སྐྱོར་གྱི་ལས་ཀའི“ལས་གྲྭ་དང་པོར”བྱས་ནས་སྐུལ་སྤེལ་ཤུགས་ཆེན་བཏང་བ་དང་། ཡུལ་སྐོར་ཐོན་ལས་ཀྱི་དབུལ་སྐྱོར་ཆ་འཕྲིན་མཛོད་བཟོ་བ་དང་འཐུས་སྒོ་ཚང་དུ་བཏང་ནས་ཡིག་ཚགས་དང་གཱ་བཟོ་བའི་ཡུལ་སྐོར་དབུལ་སྐྱོར་ཚོད་ལྟའི་གྲོང་ཚོའི་ལམ་དང་། རླངས་འཁོར་འཇོག་ས། ཐབ་ཚང་དང་གསང་སྤྱོད་སྒྱུར་བཀོད། གད་སྙིགས་དང་བཙོག་ཆུ་གཙང་སེལ་སོགས་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་སྐོར་གཅིག་སྡུད་བྱས་ནས་རྫོང(ཆུས)ཁག་གི་སྲིད་གཞུང་དང་གྲོང་གསེབ་ཡུལ་སྐོར་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་དང“ལོ་ལྔ་ཚན་བཅུ་གསུམ་པའི”མ་འཇོག་འཆར་འགོད་ནང་བཅུག་པ་དང་། ཡུལ་སྐོར་དབུལ་སྐྱོར་དང་འབྲེལ་བའི་རྨང་གཞིའི་འཛུགས་སྐྲུན་ལ་སྐུལ་མ་བཏང་ནས་ཡུལ་སྐོར་ཐོན་ལས་ཀྱི་གཅིག་སྡུད་བྱེད་ནུས་གང་ལེགས་བཏོན་ཞིང་། ད་བར་གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་མང་ཚོགས་དབུལ་པོ་རྣམས་ཐད་ཀར་ཡུལ་སྐོར་ལས་ཞུགས་ནང་མི་ཐེངས་5698ཞུགས(དེའི་ནང་ནས་ཡུལ་སྐོར་རྣམ་གྲངས་འཛུགས་སྐྲུན་ནང་མི་གྲངས་2858དང་། ཡུལ་སྐོར་ཞབས་ཞུའི་ལས་ཞུགས་ནང་མི་གྲངས་1871 ཡུལ་སྐོར་ཚོང་ཟོག་ཕྱིར་ཚོང་ནང་མི་གྲངས་607 ཡུལ་སྐོར་ཞབས་ཞུ་གཞན་གྱི་ནང་མི་གྲངས་362བཅས་ཞུགས)ཡོད་པ་རེད།
གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་སུ་བཏང་ཞིང་། གྲོང་ཁྱེར་དང་རྫོང(ཆུས)ནོར་སྲིད་1:1གི་མ་འཇོག་བསྡུར་ཚད་ལྟར་གྲོང་ཁྱེར་རིམ་པས་མ་དངུལ་སྒོར་ཁྲི་1300བཏང་བ་དང་རྫོང་རིམ་པས་ལེ་ལག་ཚང་བའི་སྒོར་ཁྲི་1000བཏང་བར་ཁྱོན་མ་དངུལ་སྒོར་ཁྲི་2300ཟིན་པ་དང་། “གྲོང་ཚོ་རེར་ཐོན་ཟོག་རེ་དང་། ཁྱད་ཆོས་རེ། རྩ་འཛུགས་རེ”བཅས་ཡོད་པའི་གྲོང་གསེབ་ཡུལ་སྐོར་ཐོན་ཟོག་མ་ལག་འཛུགས་སྐྲུན་ཚད་གཞི་ལྟར་བྲག་ཡིབ་ཆུས་ཀྱི་ནོར་བུ་གྲོང་ཚོ་དང་། སྨན་གླིང་རྫོང་གི་ཚལ་ཁྲོབ་གྲོང་ཚོ། ཀོང་པོ་རྒྱ་མདའ་རྫོང་གི་བླ་རི་གྲོང་ཚོ། སྤོ་བོ་རྫོང་གི་གྲུ་ཞི་གྲོང་ཚོ། སྣང་རྫོང་གི་དཀྲོགས་གྲོང་ཚོ། རྫ་ཡུལ་རྫོང་གི་མུ་རུབ་གྲོང་ཚོ། མེ་ཏོག་རྫོང་གི་བདེ་ཞིང་གྲོང་ཚོ་སོགས་གྲོང་གསེབ་ཡུལ་སྐོར་དཔེ་སྟོན་གྲོང་ཚོ་12ཀྱི་རྣམ་གྲངས་འཛུགས་སྐྲུན་ལེགས་སྒྲུབ་བྱས་པས་གྲོང་གསེབ་ཀྱི་ཐོན་ཁུངས་སྣ་ཚོགས་སྐུལ་སྤེལ་ནུས་ལྡན་བྱས་ནས་ཡུལ་སྐོར་གྱི་སྣེ་ཁྲིད་ནུས་པ་འདོན་རྒྱུར་རྨང་གཞི་བརྟན་པོ་བཏིང་བ་རེད།