ཉིན་ཤས་གོང་། གསར་འགོད་པས་དཔའ་ཤོད་རྫོང་ཡུལ་སྐོར་ཚན་པ་ནས་ཤེས་རྟོགས་བྱས་པར་གཞིགས་ན། བོད་ལྗོངས་ར་འོག་རྒྱལ་སྤྱིའི་འཁོར་ཁྲིད་ཁང་འཁོར་སྒར་ས་གཉེར་སྐྱོང་བྱེད་གྲབས་ཡོད་པ་དང་། སྒར་ས་དེ་དཔའ་ཤོད་རྫོང་ཞང་ཐེང་ཡུལ་སྐོར་གོང་འཕེལ་ཚད་ཡོད་ཀུང་སིའི་ཁོངས་གཏོགས་ཡིན་པ་དང་རྫོང་དེའི་ཡུལ་སྐོར་ཐོན་ལས་དབུལ་སྐྱོར་རྣམ་གྲངས་ཤིག་རེད། རྣམ་གྲངས་དེ་ཡོངས་ལ་ཁྱོན་མ་དངུལ་སྒོར་ཁྲི་ཚོ ༨༤༠༠ ལྷག་ཙམ་བཏང་ཡོད་པ་དང་ས་ཆའི་རྒྱ་ཁྱོན་ལ་མུའུ ༢༠༠ ཟིན་ཞིང་། སྤྱི་ལོ ༢༠༡༦ ལོའི་ཟླ ༤ པའི་ནང་འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་། སྒར་ས་དེའི་ནང་ཟ་ཁང་དང་ཀོག་ཧྥིའི་ཁང་། སྟབས་བདེའི་ཚོང་ཁང་སོགས་རྨང་གཞིའི་སྒྲིག་བཀོད་ཡོད། དེང་སྐབས་རྣམ་གྲངས་དེའི་དུས་རིམ་དང་པོའི་ལས་གཞི་གཞི་རྩའི་ཆ་ནས་འཛུགས་སྐྲུན་ལེགས་གྲུབ་བྱུང་ཡོད་པ་དང་། དུས་རིམ་གཉིས་པའི་ཨར་སྐྲུན་བརྒྱ་ཆ་བརྒྱད་བཅུ་ལེགས་གྲུབ་བྱུང་ནས་ཉེ་དུས་ལས་གཞི་ཆ་ཚང་ལེགས་གྲུབ་ཐུབ་རྒྱུ་མ་ཟད་གཉེར་སྐྱོང་བྱེད་འགོ་ཡང་འཛུགས་རྒྱུ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། དེང་སྐབས་ཀྱི་ཡུལ་སྐོར་གནས་ཚུལ་ལ་གཞིགས་ན་སྒར་ས་དེས་ཉིན་ལྟར་ཡུལ་སྐོར་བ ༥༠༠ ནས ༨༠༠ བར་ལ་སྣེ་ལེན་ཞུ་ཐུབ་བཟོ་ཡོད་པ་དང་། སྒར་སར་ཡོང་མཁན་གྱི་ཡུལ་སྐོར་རླངས་འཁོར་གྱི་བསྡུར་གྲངས་བརྒྱ་ཆ ༦༠ ཡན་དང་ཡུལ་སྐོར་བ་བརྒྱ་ཆ ༨༠ ཡན་ཟིན་བཟོ་ཡོད། ཡུལ་སྐོར་བ་མང་བའི་དུས་ཚིགས་ལ་བསུ་བ་སྔར་བས་ཡག་པོ་ཞུ་ཆེད་སྤྱི་ཟླ ༦ པའི་ཚེས ༢༠ ཉིན་གོང་སྒར་ས་དེ་ཁྱོན་ཡོངས་ནས་གཉེར་སྐྱོང་བྱས་ནས། ས་ཆ་དེ་གའི་ཞིང་འབྲོག་མང་ཚོགས་འབབ་འཕར་ལ་སྣེ་ཁྲིད་བྱེད་རྒྱུ་དང་ཡུལ་སྐོར་དབུལ་སྐྱོར་མངོན་འགྱུར་ཐུབ་པ་བྱེད་རྒྱུ་རེད།།