འདི་ནི་ཏིང་ཡེ་ཤན་གྱིས་ཕོ་བྲང་པོ་ཏ་ལའི་འོག་ཏུ་ཁོ་ལོམ་པི་ཡའི་ཡུལ་སྐོར་བ་དང་དྲན་རྟེན་པར་རྒྱག་པའི་གནས་ཚུལ་ཡིན་པ།
མིག་སྔར་རང་ལྗོངས་སུ་ཡུལ་སྐོར་བ་མང་བའི་དུས་ཡིན་པས་རང་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་ཚུལ་ལ་ཤེས་རྟོགས་གཏིང་ཟབ་བྱ་ཆེད་ཚེས་24ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཏིང་ཡེ་ཤན་ལྷ་ས་གནས་མཆོག་ལྷ་ཡུལ་ཀྲོའུ་ཅི་གསོལ་མགྲོན་ཁང་དང་ཕོ་བྲང་པོ་ཏ་ལའི་མཛེས་ལྗོངས་ཁུལ་དུ་ཕེབས་ནས་ས་གནས་ས་ཐོག་ཏུ་གཟིགས་ཞིབ་དང་བརྟག་ཞིབ་གནང་བ་རེད།
ལྷ་ས་གནས་མཆོག་ལྷ་ཡུལ་ཀྲོའུ་ཅི་གསོལ་མགྲོན་ཁང་དུ་ཏིང་ཡེ་ཤན་བོད་ལྗོངས་ཚོམས་ཆེན་དང་། ཉལ་ཁང་། ཟ་ཁང་སོགས་སུ་ཕེབས་ནས་གཟིགས་ཞིབ་གནང་སྟེ་ཡུལ་སྐོར་ཐོན་རྫས་ནུས་ལྡན་མཁོ་སྤྲོད་དང་ཨར་ཁང་ནང་དུ་འགྲུལ་པ་སྡོད་པ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ད་ཕན་ལོ་ཤས་ནང་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་དང་ཡུལ་སྐོར་ལས་གཉེར་ཚན་པ་དང་ལས་གཉེར་མཁན་གྱི་སྐུལ་འདེད་འོག་རང་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ཏེ་བོད་ཀྱི་དཔལ་འབྱོར་འཕར་བའི་ཀ་རྟེན་ཐོན་ལས་སུ་རིམ་གྱིས་གྱུར་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཡུལ་སྐོར་ལས་ཞུགས་ཚན་པ་ཁག་གིས་ཞབས་ཞུའི་ནུས་པ་དང་། ཆུ་ཚད། སྤུས་ཚད་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ཡུལ་སྐོར་ལས་རིགས་ཀྱི་གཟུགས་བརྙན་བཟང་པོ་འཛུགས་དགོས། རིག་གནས་འདི་ཉིད་ཡུལ་སྐོར་གྱི་བླ་སྲོག་ལྟ་བུར་བརྩིས་ནས་དུས་ཆེན་དང་དམངས་སྲོལ་སོགས་རིག་གནས་ཀྱི་ནང་དོན་སྔོག་འདོན་བྱ་རྒྱུར་སྣང་ཆེན་གྱིས་དུས་ཚིགས་བཞིར་ཡུལ་སྐོར་བྱེད་མཁན་ཡོད་པའི་འགན་ལེན་བྱེད་དགོས། ཕོ་བྲང་པོ་ཏ་ལའི་མཛེས་ལྗོངས་ཁུལ་དུ་ཏིང་ཡེ་ཤན་གྱིས་ཕར་འགྲོ་ཚུར་འོང་བྱེད་མཁན་ཡུལ་སྐོར་བར“ཁྱེད་ཚོ་གང་ནས་ཡོང་བ་ཡིན་ནམ། བོད་དུ་ཡོང་ཐེངས་དང་པོ་ཡིན་ནམ”ཞེས་བཀའ་འདྲི་གནང་། ཧྲན་ཏུང་དང་། ཧའར་པིན། ཧྲན་ཤིས་སོགས་ནས་ཡིན་པའི་ཡུལ་སྐོར་བ་ཚོས་ལྷ་སར་ཡོང་ཐེངས་དང་པོ་ཡིན། མཛེས་སྡུག་ལྡན་པའི་ས་ཆ་དེར་ང་རང་ཧ་ཅང་དགའ་པོ་ཡོད། དེ་གའི་མཁའ་རླུང་གཙང་ལ་འཚོ་བ་ཡང་སྟབས་བདེ་པོ་འདུག ཕ་ཡུལ་དུ་ལོག་རྗེས་གྲོགས་པོ་ཚོར་བོད་ཀྱི་མཛེས་སྡུག་ལྡན་པའི་རྣམ་པ་ངོ་སྤྲོད་བྱ་རྒྱུ་ཡིན་ཞེས་བཤད། ཁོ་ལོམ་པི་ཡ་སྤྱི་མཐུན་རྒྱལ་ཁབ་ནས་ཡིན་པའི་ཡུལ་སྐོར་བ་བཅུ་གྲངས་ཁ་ཤས་ཀྱིས་ཏིང་ཡེ་ཤན་ལ་ང་ཚོ་བོད་དུ་ཡོང་ནས་ཉིན་གསུམ་ཕྱིན་སོང་། དེ་གར་མཁའ་རླུང་གཙང་ལ་མི་སེར་ཚོའི་འཚོ་བ་ཡང་སྐྱིད་སྣང་དོད་པ་མ་ཟད། རང་བྱུང་མཛེས་ལྗོངས་ལྟ་ན་སྡུག་པ་དང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་བོད་མི་རིགས་ཀྱི་རིག་གནས་མཐོང་བྱུང་བས་ཧ་ཅང་དགའ་པོ་བྱུང་ཞེས་བཤད། ཏིང་ཡེ་ཤན་གྱིས་ཁྱེད་ཚོས་མང་ཙམ་བསྐྱོད་པ་དང་མང་ཙམ་བལྟས་ནས་བོད་ཀྱི་འཕོ་འགྱུར་ཆེན་པོ་དང་། ཡིད་དབང་འཕྲོག་པའི་རང་བྱུང་མཛེས་ལྗོངས། ཐུན་མོང་མ་ཡིན་པའི་མི་རིགས་རིག་གནས་བཅས་དངོས་སུ་མྱོང་རོལ་བྱས་ཏེ་དངོས་འབྲེལ་མཛེས་སྡུག་ལྡན་པ་དང་། གསོན་ཤུགས་ཀྱིས་ཁེངས་པ། དབྱར་མཚོ་རྒྱས་པ་ལྟར་གྱི་འཕེལ་རྒྱས། ཞི་མཐུན་བདེ་སྐྱིད་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཁོ་ལོམ་པི་ཡ་སྤྱི་མཐུན་རྒྱལ་ཁབ་དང་འཛམ་གླིང་ཡོངས་ཀྱི་མི་དམངས་ལ་ངོ་སྤྲོད་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས། ཡུལ་སྐོར་བ་ཚོས་ཏིང་ཡེ་ཤན་ལ་མཉམ་དུ་པར་རྒྱག་རྒྱུའི་རེ་བ་བཏོན་པས་ཁོང་ཚོ་དང་མཉམ་དུ་དྲན་རྟེན་པར་བསྐྱོན་པ་རེད།
ཏིང་ཡེ་ཤན་གྱིས་བོད་ཀྱི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བར“ཁྱད་ལྡན་དང་། རིམ་མཐོ། རྩེར་སོན”བཅས་སྟོན་ཕྱོགས་སུ་བྱས་ནས་སྤུས་ཚད་ལྡན་ལ་ཕན་འབྲས་ཅན་གྱི་ཞིབ་ལས་ཅན་གྱི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དགོས། ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ཁེ་ལས་དང་ཡུལ་སྐོར་ལས་དོན་སྤེལ་མཁན་ཚོས་རང་ཉིད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་རང་ལྗོངས་ཀྱི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་གང་ལེགས་སྤྱོད་པ་དང་། གནས་ཁྱོན་ཟུང་འབྲེལ་གྱི་རྩེརསོན་ཡུལ་སྐོར་ལམ་ཐིག་སྔར་བས་གཏོད་པ་དང་སྐྱེད་སྲིང་བྱེད་པ། ཁྱད་ལྡན་ཡུལ་སྐོར་གྱི་ཡིད་དབང་འཕྲོག་ཤུགས་མངོན་པ། ཁྱད་ལྡན་ཡུལ་སྐོར་ཐོན་རྫས་སྣ་མང་ཕུན་སུམ་ཚོགས་སུ་གཏོང་བ། ཡུལ་སྐོར་བའི་ཡིད་དབང་འགུག་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཡུལ་སྐོར་འཛད་སྤྱོད་ལ་སྣེ་ཁྲིད་བྱེད་དགོས་པ་དང་། ཡུལ་སྐོར་བདེ་འཇགས་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་ཚན་རིག་དང་མཐུན་པ་དང་ལུགས་མཐུན་ངང་འཆར་འགོད་བྱེད་པ་དང་། ཡུལ་སྐོར་གྱི་ལྷན་སྦྱར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དོ་དམ་བྱེད་སྟངས་ལེགས་སུ་གཏོང་བ། འགྲིམ་འགྲུལ་དོ་དམ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། ཡུལ་སྐོར་ཁོར་ཡུག་ལེགས་སུ་གཏོང་བ། ཡུལ་སྐོར་བའི་ཁེ་ཕན་སྲུང་སྐྱོང་ཡག་པོ་བཅས་བྱས་ནས་རང་ལྗོངས་ཀྱི་སྤུས་ལེགས་ཡུལ་སྐོར་ཐོན་ཁུངས་དང་སྤུས་ལེགས་ཞབས་ཞུ་ཕན་ཚུན་སྦྲེལ་མཐུད་ཐུབ་པ་བྱས་ཏེ་རྒྱ་ཆེའི་ཡུལ་སྐོར་བ་ཚོར་རང་ཁྱིམ་དུ་སླེབས་པ་ལྟར་གྱི་སྣང་བ་ཞིག་སྦྱིན་དགོས་ཞེས་ནན་བཤད་གནང་བ་རེད།