ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་དང་འགྲུལ་སྐྱེལ་ཁྲོམ་རའི་སྒྲིག་ལམ་ཁྲིམས་བཞིན་ཚད་ལྡན་དུ་བཏང་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཕྱིར་སྐྱོད་སྐབས་ཤར་བགྲོད་དང་། འཆམ་མཐུན། ཡ་རབས་བཅས་ལྡན་པའི་འགྲུལ་བཞུད་སྐྱེལ་འདྲེན་ཁོར་ཡུག་ཅིག་བཏོད་དེ་ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་དང་འགྲུལ་སྐྱེལ་ཁྲོམ་ར་སྐྱོན་བྲལ་ངང་འཕེལ་རྒྱས་བརྟན་པོ་ཡོང་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་འགོ་ཁྲིད་པ་དང་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་དང་། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས། ལྷ་ས་གྲོང་ཁྱེར་བཟོ་ཚོང་ཅུས། ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཅུས་སོགས་འབྲེལ་ཡོད་སྡེ་ཚན་གྱིས་མཉམ་དུ་འདི་ལོའི་ཟླ་4ཚེས་6ནས་ཟླ་12ཚེས་10ཉིན་བར་དུས་མཚམས་བགོས་ཏེ་ཡུལ་སྐོར་དང་དུས་གཏན་འགྲུལ་སྐྱེལ་རླངས་འཁོར་ཁྲོམ་ར་སོགས་ལ་ཐོན་པའི་ཁྲིམས་འགལ་ངང་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་ལ་གཅིག་སྡུད་ངང་བཅོས་སྒྲིག་བྱ་རྒྱུ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་ཆེད་དོན་བཅོས་སྒྲིག་ལས་དོན་ཡག་པོ་བསྒྲུབ་ཆེད། ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་ཡུལ་སྐོར་ཁྲོམ་རར་ཁྲིམས་འགལ་ངང་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་ལ་ཆེད་དོན་བཅོས་སྒྲིག་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་དྲིལ་བསྒྲགས་སྔོན་ལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་དྲིལ་བསྒྲགས་ཕྱོགས་ཡོངས་དང་། ཀུན་ལ་ཁྱབ་པ། གནད་ལ་འཕིགས་པ་བཅས་ཡོང་གང་ཐུབ་བྱས་ཡོད།
ཉེ་ཆར་བོད་ལ་ཡུལ་སྐོར་དུ་ཡོང་ཐེངས་དང་པོ་ཡིན་པའི་ལིའུ་ཆེ་གེ་མོས“ང་ལྷ་སར་སླེབས་ཏེ་གནམ་གྲུ་ནས་བབས་མ་ཐག་བོད་སྐྱོད་ཀྱི་དྲན་སྐུལ་དང་ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཁྲོམ་རའི་ཁྲིམས་འགལ་ལ་རྡུང་རྡེག་དང་སྒྲིག་འགལ་ལ་བཅོས་སྒྲིག་བྱེད་པའི་ཆེད་དོན་བྱ་སྤྱོད་ཀྱི་ཤ་ཚའི་དྲན་སྐུལ་མཐོང་འཕྲལ་སེམས་ནང་བདེ་འཇགས་ཉེན་མེད་ཀྱི་སྣང་བ་ཞིག་བྱུང”ཞེས་བཤད།
ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་ཅུས་ཀྲང་བཀྲ་ཤིས་ཕུན་ཚོགས་ཀྱིས“ད་རེས་ཀྱི་བཅོས་སྒྲིག་ལས་དོན་ཚོགས་ཆུང་ལ་ཕྱོགས་བསྡུས་དྲིལ་བསྒྲགས་ཚོགས་ཆུང་ཡོད་ལ། ད་དུང་མཉམ་འབྲེལ་ཁྲིམས་འཛིན་ཚོགས་ཆུང་དང་། ཁྲོམ་ར་བཅོས་སྒྲིག་ཚོགས་ཆུང་། ལས་རིགས་ཚད་ལྡན་དུ་གཏོང་བའི་ཚོགས་ཆུང་། འཕྲལ་སྡོམ་འགན་ལེན་ཚོགས་ཆུང་། བརྟན་ལྷིང་སྲུང་སྐྱོང་གི་ཐོལ་བྱུང་དོན་རྐྱེན་ཐག་གཅོད་ཚོགས་ཆུང་ཡོད་པ་དེ་དག་གིས་རང་རང་གི་འགན་འཁྲི་དང་ཟུང་འབྲེལ་བྱས་ནས་བཅོས་སྒྲིག་ལས་དོན་ཕྱོགས་བསྡུས་ངང་སྤེལ་ཏེ་སྡེ་ཚན་དབར་མཉམ་ཤུགས་ཆགས་པ་བྱས་ནས་ཡུལ་སྐོར་ཁྲོམ་རར་ཁྲིམས་འགལ་ངང་སྐྱེལ་འདྲེན་བྱེད་པའི་འཁོར་རིགས་ལ་རྡུང་རྡེག་ཚ་ནན་གཏོང་རྒྱུ་རེད”ཅེས་ངོ་སྤྲོད་བྱས།
དེའི་ཁྲོད་སྤྱི་བདེ་ཞིབ་བཤེར་ས་ཚིགས་ཀྱིས་ཆེད་དོན་ཞིབ་བཤེར་ས་ཚིགས་བཙུགས་ནས་སྤྱི་བདེ་དང་འགྲིམ་འགྲུལ་ཚན་པས་མཉམ་དུ་ཁྲིམས་འཛིན་པ་སྒྲིག་འཛུགས་བྱས་ཏེ་ཉིན་མཚན་ལྟོས་མེད་ཀྱིས་ཞིབ་བཤེར་བྱས་ནས་ལྷ་ས་ནས་ཐོན་པའམ་ལྷ་སར་ཡོང་བའི་རླངས་འཁོར་ལ་ཐོ་བཀོད་ཅིང་། གྲོང་ཁྱེར་ནང་གི་ཞིབ་བཤེར་ཚོགས་ཆུང་གི་ཁྲིམས་འཛིན་པས་ཟླ་4ཚེས་10ཉིན་ནས་ལྷ་སའི་གྲོང་ཁུལ་སོགས་ཀྱི་སྐར་ཁུང་གཙོ་བོ་དང་། ཡུལ་སྐོར་མཛེས་ལྗོངས་ཁུལ་གཙོ་བོ། ཡུལ་སྐོར་བ་འདུ་འགྲེམས་ཁུལ་སོགས་ལ་ཁྲིམས་འགལ་ངང་རླངས་འཁོར་གྱིས་སྐྱེལ་འདྲེན་བྱེད་མཁན་ལ་ཁྱོན་ཡོངས་ནས་མཐིལ་རྟོགས་བརྟག་དཔྱད་དང་ཐག་གཅོད་བྱས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ཐད་བཀག་གཏོང་ཟུང་འབྲེལ་གྱི་བཅོས་སྒྲིག་བྱེད་ཐབས་སྤྱད་དེ་རྩ་ལག་མཉམ་བཅོས་ཀྱི་བཅོས་སྒྲིག་དམིགས་ཡུལ་འགྲུབ་ཐབས་བྱས་ཤིང་། བསྡོམས་རྩིས་ལྟར་ན། ཟླ་4ཚེས་6ནས་ཚེས་11ཉིན་བར་འགྲིམ་འགྲུལ་ཁྲིམས་འཛིན་པ་མི་ཐེངས་451བཏང་བ་དང་། བཅོས་སྒྲིག་ལས་དོན་ནང་སྤྱི་བདེའི་ཁྲིམས་འཛིན་པ་མི་ཐེངས་188ཞུགས་པ། ལྷ་ས་ནས་ཐོན་པའམ་ལྷ་སར་ཡོང་བའི་འགྲུལ་སྐྱེལ་རླངས་འཁོར་ཐེངས་2245ཞིབ་བཤེར་ཐོ་བཀོད་པ། ཁ་ཏ་བསླབ་བྱ་བྱས་པ་དང་འདི་བྱས་ཐོ་འགོད་པ་272ཟིན་པ། ཁྲིམས་འགལ་ངང་སྐྱེལ་འདྲེན་བྱེད་མཁན་རླངས་འཁོར་52དང་ཁྲིམས་འགལ་ངང་གཉེར་སྐྱོང་དང་འབྲེལ་བའི་བོགས་གཏོང་ཀུང་སི་8ལ་ཞིབ་བཤེར་ཐག་གཅོད་བྱས་པ། དབོར་འདྲེན་རླངས་འཁོར་ཐེངས་56བཏང་བ། འགྲུལ་པ་283རླངས་འཁོར་གཞན་ལ་བླུགས་པ་བཅས་རེད།
“ད་རེས་ཀྱི་ཆེད་དོན་བཅོས་སྒྲིག་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་འཕྲལ་སྡོམ་འགན་ལེན་ཚོགས་ཆུང་བཙུགས་ནས་འཕྲལ་སྡོམ་དབོར་འདྲེན་འགན་ལེན་ཇུས་གཞི་བཟོ་བའི་འགན་གཙོ་བོར་ཁུར་ནས་དབོར་འདྲེན་བྱེད་པར་འགྲོ་ཆོག་ཆོག་བྱས་ཏེ། ཁྲིམས་འགལ་ངང་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་ཞིབ་བཤེར་ཐུབ་ཚེ། འཕྲལ་མར་གང་དུ་ཉེ་བ་ནས་གཏོང་བའི་རྩ་དོན་ལྟར་འཕྲལ་མར་བཀོད་པ་བཏང་སྟེ་དབོར་འདྲེན་འགན་ལེན་གྱིས་ལུས་པའི་འགྲུལ་པ་བསྐྱལ་ནས་དོ་དམ་མི་ཆོས་དང་མཐུན་པ་ཡོང་བ་བྱ་རྒྱུ་རེད”ཅེས་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧྥན་ཅན་གྱིས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། ཆེད་དོན་བཅོས་སྒྲིག་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་96169ཡི་འགྲིམ་འགྲུལ་ཁྲིམས་འཛིན་ཞུ་གཏུག་གི་ཁ་པར་ཨང་གྲངས་དང་། དྲ་རྒྱ། སྐད་འཕྲིན་ལས་སྟེགས། ལམ་བར་གྱི་མྱུར་ཚད་ཚད་ལེན། སྤྱི་བདེའི་ཞིབ་བཤེར་ས་ཚིགས་སོགས་ལ་བརྟེན་ནས་ཁྲིམས་འགལ་ངང་སྐྱེལ་འདྲེན་བྱེད་པའི་རླངས་འཁོར་གྱི་གནས་ཚུལ་ཡོད་མེད་བསྡུ་རུབ་བྱེད་ཀྱི་ཡོད།