མི་དམངས་དྲ་བའི་འཕྲིན། རི་འཛེག་མཁན་གཅིག་རྗེས་གཉིས་མཐུད་ངང་བོད་དུ་འབྱོར་བ་དང་སྦྲགས་བོད་ཀྱི་འདི་ལོའི་དཔྱིད་དུས་རི་འཛེག་བྱེད་སྒོ་འགོ་ཚུགས་ཤིང་། ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་དཔྱིད་དུས་སུ་རི་འཛེག་མཁན་300ལྷག་ཙམ་གྱིས་འཛམ་གླིང་གི་རི་བོ་མཐོ་ཤོས་ཇོ་རི་དང་། འཛམ་གླིང་གི་རི་བོ་མཐོ་གྲས་ཨང་དྲུག་པ་ཡིན་པའི་ཇོ་བོ་དབུ་ཡག འཛམ་གླིང་གི་རི་བོ་མཐོ་གྲས་ཨང་14ཡིན་པའི་ཤི་ཤ་སྦང་མ་བཅས་འཛེག་རྒྱུ་ཡིན་པ་དེའི་ནང་ཇོ་རི་འཛེག་མཁན་མི་བརྒྱ་ལྷག་ཙམ་ཡོད།
བོད་ལྗོངས་རི་འཛེག་ལུས་རྩལ་དོ་དམ་ལྟེ་གནས་ཀྱི་འགན་འཁུར་བ་བསོད་ནམས་ཀྱིས་རི་འཛེག་བྱེད་སྒོ་དེ་ཟླ་བཞི་པའི་ཟླ་སྟོད་ནས་འགོ་འཛུགས་རྒྱུ་དང་ཟླ་དྲུག་པའི་ཟླ་འགོར་མཇུག་འགྲིལ་རྒྱུ་ཡིན་པ་རེད། འདི་ལོའི་དཔྱིད་དུས་སུ་རྒྱལ་ནང་གི་རི་འཛེག་རྒྱུར་དགའ་པོ་བྱེད་མཁན་24ཡིས་ཇོ་རི་འཛེག་རྒྱུ་ཡིན་པ་དང་ཕྱི་རྒྱལ་གྱི་རི་འཛེག་མཁན་300ཙམ་གྱིས་ཇོ་རི་དང་། ཇོ་བོ་དབུ་ཡག ཤི་ཤ་སྦང་མ་འཛེག་རྒྱུ་རེད་ཅེས་བཤད་པ་རེད།
རི་འཛེག་མཁན་གྱི་བདེ་འཇགས་འགན་ལེན་བྱ་ཆེད། བོད་ལྗོངས་རི་འཛེག་མཐུན་ཚོགས་དང་གནས་རི་མྱུལ་དཔྱད་ཀུང་སིས་ལས་དོན་མི་སྣ་བརྒྱ་ལྷག་ཙམ་བཏང་ནས་རི་འཛེག་མཁན་ལ་ཞབས་ཞུ་བྱ་རྒྱུ་རེད། གཞན་ཡང་དེ་སྔ་དང་མི་འདྲ་བར་འདི་ལོའི་དཔྱིད་དུས་སུ་ཇོ་རིའི་སྒར་ས་ཆེ་མོར་གློག་ཁྲིད་དེ་གློག་ཤུགས་མཁོ་འདོན་དེ་བས་བརྟན་པོ་དང་སྟབས་བདེ་ཡོང་བ་བྱས་ནས་རི་འཛེག་མཁན་གྱི་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་ཡིན་པ་རེད།