དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཉིང་ཁྲི་གྲོང་ཁྱེར་གྱི་ཁམ་བུའི་མེ་ཏོག་རིག་གནས་དུས་ཆེན་སྐབས་བཅོ་ལྔ་པའི་འགོ་འཛུགས་སྐབས་ཀྱི་ཟུར་བྲིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-03-27

    ཆར་པ་ཟམ་ཟིམ་ཁྲོད་དུ་ཉིང་ཁྲིའི་ཁམ་བུའི་མེ་ཏོག་གི་ཉམས་བཟང་ལ་རོལ། བྲག་ཡིབ་ཆུས་ཀ་ལ་ཁམ་བུའི་མེ་ཏོག་གྲོང་ཚོའི་ལྗོངས་གཟིགས་སྟེགས་བུ་ནས་རྒྱང་ལྟ་བྱས་ན། ཆར་དང་སྨུག་པའི་ཁྲོད་ཀྱི་ཉིང་ཁྲིའི་མཛེས་ལྗོངས་ལྟ་བས་མི་ངོམས་ཏེ། བརྗིད་ཆགས་རི་བོའི་རྩེ་མོར་གཡོགས་པའི་ཁ་བ་དཀར་པོ་དང་། སྨུག་པ་བན་བུན་འཁྲིགས་པ། རི་རྐེད་དུ་མྱང་ཆུ་དལ་གྱིས་རྒྱུག་པ། རི་ལྡེབས་སུ་ཁམ་བུའི་མེ་ཏོག་རབ་ཏུ་བཞད་པ་སོགས་མཚར་སྡུག་རྣམ་པར་བཀྲ

    ལོ་ངོ་བརྒྱ་ཕྲག་གི་རིང་། ཉིང་ཁྲིའི་ཁམ་བུའི་མེ་ཏོག་འདུ་འཛི་དང་བྲལ་བའི་དབེན་པའི་ཡུལ་ལུང་དེར་གངས་ཆུའི་ཉིང་ཁུ་ལས་རྣམ་པར་བཞད་ཅིང་སྐྱེ་བོ་ཀུན་གྱི་མིག་ལམ་དུ་མངོན་ཡོད།

    ཟླ་3ཚེས་25ཉིན། དཔྱིད་ཆར་ཟམ་ཟིམ་བབས་ནས་རི་ལུང་དང་ཁམ་བུའི་མེ་ཏོག་བརླན་ནའང་ལྟད་མོ་བའི་སྤྲོ་སེམས་སྔར་བས་འཕེལ་ཡོད། ཡུལ་སྐོར་བ་མང་པོས་ཆར་ཟིམ་ཁྲོད་ཁམ་བུའི་མེ་ཏོག་རིག་གནས་དུས་ཆེན་གྱི་འགོ་གཟབ་རྒྱས་ངང་འཛུགས་རྒྱུར་བསྒུགས་ནས་བསྡད།

    “གླུ་གར་ཉམས་ཀྱིས་དགའ་སྟོན་བསུ། ཁམ་བུའི་མེ་ཏོག་མཛེས་པར་བཞད། ……”ཅེས་གཙོ་སྐྱོང་པའི་སྐད་གསང་མཐོ་བའི་སྒྲ་རི་གསེབ་ནས་གྲགས་པ་དང་། སྐད་ཅིག་རིང་དཔྱིད་ཀྱི་མཛེས་ལྗོངས་དང་ཁམ་བུའི་མེ་ཏོག་གིས་བརྒྱན་པའི་ལུང་པའི་གར་སྟེགས་དེ་ལྟད་མོ་བའི་མིག་དབང་འཕྲོག་ཡུལ་དུ་གྱུར།

    སྙན་འཇེབས་ཀྱི་འགྱུར་ཁུག་དང་འགྲོགས་ནས་ཁམ་བུའི་མེ་ཏོག་འདྲ་བའི་ལྷ་མོ་བཅུ་གསུམ་གྱིས་རྐང་པའི་འདེགས་འཇོག་བསྒྱུར་ཏེ་གར་སྟེགས་སུ་བསྐྱོད་པ་དང་། Tདབྱིབས་གར་སྟེགས་ཐོག་འཁྲབ་སྟོན་ཕུན་སུམ་ཚོགས་པོ་བྱས་པས་ལྟད་མོ་བའི་དགའ་བསུ་ཆེན་པོ་ཐོབ།

    དེ་དང་ཆབས་ཅིག འགོ་འཛུགས་ཞབས་བྲོ《བཀྲ་ཤིས་པའི་མེ་ཏོག》ཅེས་པ་འཁྲབ་ནས་ཉིང་ཁྲི་གྲོང་ཁྱེར་གྱི་ཁམ་བུའི་མེ་ཏོག་རིག་གནས་དུས་ཆེན་སྐབས་བཅོ་ལྔ་པ་འགོ་ཚུགས་ཤིང་། ན་གཞོན་གྱི་མཛེས་པའི་ཞལ་རས་དང་། མི་རིགས་ཀྱི་རྒྱན་གོས། སྤྲོ་སེམས་འཕེལ་བའི་རོལ་དབྱངས་དང་ཞབས་བྲོ། སྤྲོ་སྐྱིད་ཞི་མཐུན་གྱི་རྣམ་པ་བཅས་ཀྱིས་དེ་གའི་ལྟད་མོ་བ་ཀུན་གྱི་ཡིད་སེམས་མྱོས་པར་བྱས། “འདི་གའི་རྣམ་པ་འཁྲུག་པོ་འདུག རོལ་དབྱངས་ལ་ཉན་བཞིན་ངས་ཀྱང་ཞབས་བྲོ་འཁྲབ་པར་འདོད”ཅེས་ལྟད་མོ་བའི་གྲལ་དུ་བསྡད་ཡོད་པའི་ཡུལ་སྐོར་བ་ཀྲའོ་ཤིན་གྱིས་དེ་ལྟར་བརྗོད།

    རིག་རྩལ་འཁྲབ་སྟོན་ནི་སྤྲོ་སྣང་མཚོན་པའི་མཛད་སྒོ་ཞིག་ཡིན་པ་མ་ཟད། དེ་བས་ཀྱང་དཔྱིད་ཀར་བསྟོད་གླུ་ལེན་པ་དང་རིག་གནས་རྒྱུན་འཛིན་བྱེད་པ་གཞི་གཅིག་ཏུ་འདུས་པའི་མཛད་སྒོ་ཞིག་ཀྱང་ཡིན། གླུ་གཞས《ཉིང་ཁྲིའི་དཔྱིད་ཀ》ལས་མེ་ཏོག་གི་ཚལ་དུ་མྱུལ་བའི་སྐྱེ་བོ་ཚོའི་རྣ་བའི་བདུད་རྩིར་གྱུར་པ་དང་། 《སྐྱིད་པའི་གླུ་དབྱངས》ལས་ཉིང་ཁྲི་མི་དམངས་ཀྱི་ཡར་རྒྱས་གོང་འཕེལ་འགྲོ་བཞིན་པའི་བདེ་སྐྱིད་ཀྱི་འཚོ་བ་ཚོར་ཐུབ། ད་དུང་སྨན་གླིང་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་ཞབས་བྲོ《ལྷོ་པའི་དཔྱིད་ཀ》དང་། སྤོ་བོ་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི《ཕ་གཤོང་རས་པ》 བྲག་ཡིབ་ཆུས་ཀྱི་སློབ་འབྲིང་སློབ་མས་འཁྲབ་པའི《གཞོན་ནུའི་མི་ནག་འཆམ》དང་དེ་བཞིན་ཀོང་པོའི་མདའ་གཞས་སོགས་སྲོལ་རྒྱུན་གླུ་གར་ཡང་འཁྲབ་སྟོན་བྱས་པ་རེད།

    རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་རྣམ་གྲངས་མི་ནག་འཆམ་མཐོང་སྐབས་གྲོང་མི་བཀྲ་ཤིས་བསམ་གྲུབ་ཀྱིས་ལྟད་མོ་ལྟ་གིན་ཧ་ཅང་དགའ་ཚོར་ཆེན་པོའི་ངང་གསར་འགོད་པར“ཆུང་དུས་ངས་ཀྱང་མི་ཉག་འཆམ་སྦྱངས་མྱོང་། འདི་ཧ་ལམ་རྒྱུན་ཆད་ལ་ཉེ་བ་དེ་རིང་བལྟ་ཐུབ་པ་ཡིད་ལའང་མ་ཤར་བས་ཧ་ཅང་དགའ་པོ་བྱུང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་སྲུང་སྐྱོང་ལ་བརྟེན་ནས་མི་རིགས་ཀྱི་སྒྱུ་རྩལ་འདི་ནམ་ཡང་ཉམས་པ་མེད་པའི་རེ་བ་ཡོད”ཅེས་བཤད།

    གླུ་གཞས《ཉིང་ཁྲིའི་ཁམ་བུའི་མེ་ཏོག་གི་བསུང་ངད》ཅེས་པའི་འགྱུར་ཁུགས་ཁྲོད་ཉིང་ཁྲི་གྲོང་ཁྱེར་གྱི་ཁམ་བུའི་མེ་ཏོག་རིག་གནས་དུས་ཆེན་སྐབས་བཅོ་ལྔ་པ་མཇུག་གྲིལ་ཡོད། ཉིང་ཁྲིའི་ཁམ་བུའི་མེ་ཏོག་དུས་ཆེན་གྱི་མཛེས་པ་དེ་ནམ་ཡང་སྐྱེ་བོ་ཡོངས་ཀྱི་སེམས་སུ་རྡོ་ལ་རི་མོ་བརྐོས་པ་ལྟར་མི་བརྗེད་པར་གྱུར་ནས་མཛེས་ལྗོངས་ལྟ་ན་སྡུག་པ་ཞིག་ཏུ་འགྱུར་རྒྱུར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།