དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ལས་རིགས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་སྒྱུར་བཅོས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2017-03-26

    ཉིན་ཤས་གོང་ལྷ་ས་གྲོང་ཁྱེར་གྱིས་ཁྲེང་ཏུར“མཁའ་དབྱིངས་ཀྱི་བོད་ལྗོངས·མཛེས་སྡུག་ལྡན་པའི་བྱ་སྤྱོད”ཞེས་པའི་བོད་ལྗོངས·སི་ཁྲོན་གྱི་སྒེར་འཁོར་བཏང་ནས་ཡུལ་སྐོར་ཐོན་རྫས་འོས་སྦྱོར་འདུ་ཚོགས་འཛུགས་གཉེར་བྱས་ཏེ་ཡངས་ཤིང་རྒྱ་ཆེ་བའི་ནང་སའི་ཁྲོམ་རར་ཁ་ཕྱོགས་ནས་ལྷ་སའི་ཡུལ་སྐོར་གྱི་ནང་དོན་གསར་པ་དང་། བྱེད་ཐབས་གསར་པ། ཐོན་རྫས་གསར་པ་བཅས་འོས་སྦྱོར་ཧུར་ཐག་བྱས་པར་རྒྱ་ཆེའི་ཡུལ་སྐོར་བ་དང་། ཡུལ་སྐོར་ལས་རིགས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་མང་དག་ཅིག དེ་བཞིན་ཁེ་ལས་ལས་རིགས་མི་སྣས་དོ་སྣང་ཆེན་པོ་བྱས་ཡོད།

    རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བྱ་ཡུལ་གལ་ཆེན་ཞིག་ཡིན་པའི་ལྷ་ས་འདི་ཉིད་ཉེ་བའི་ལོ་ཤས་རིང་ཡུལ་སྐོར་འཛད་སྤྱོད་དགོས་མཁོ་རྒྱ་ཆེར་སོང་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་མྱུར་པོ་ཕྱིན་ཡོད།

    ཡུལ་སྐོར་ལས་རིགས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་འགལ་བ་རིམ་བཞིན་མེད་པར་བཟོས་ཏེ་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔར་བས་མངོན་པར་བྱ་ཆེད། ལྷ་ས་གྲོང་ཁྱེར་གྱིས་ཡུལ་སྐོར་ཐོན་རྫས་གསར་གཏོད་ལ་གཞི་ཚུགས་ཏེ་ཡུལ་སྐོར་ཐོན་རྫས་ཀྱི་ནུས་ལྡན་མཁོ་སྤྲོད་དང་། འབྲིང་རིམ་དང་རྩེར་སོན་གྱི་མཁོ་སྤྲོད། ཧེ་བག་ཅན་གྱི་མཁོ་སྤྲོད་བཅས་ཆེ་རུ་བཏང་ནས་ཡུལ་སྐོར་ལས་རིགས་ཀྱི་ཕྱོགས་སྒྱུར་རིམ་སྤོར་མངོན་འགྱུར་བྱས་ཡོད།བོད་ལྗོངས·སི་ཁྲོན་གྱི་འཁོར་ཁྲིད་ཡུལ་སྐོར་ཐོན་རྫས་འོས་སྦྱོར་འདུ་ཚོགས་ཐོག་རླངས་འཁོར་གཙང་གླས་ཀྱི་ལམ་ཐིག་གཏན་འཁེལ་ཡུལ་སྐོར་སོགས་ཀྱི་ཐོན་རྫས་ལ་ཡུལ་སྐོར་བས་དགའ་པོ་བྱས་པ་དེ་ཐོག་ནས་ཡུལ་སྐོར་ཐོན་རྫས་གསར་གཏོད་ལ་ཡུལ་སྐོར་བའི་ཡིད་དབང་འཕྲོག་ཤུགས་ཆེ་རུ་སོང་བ་ར་སྤྲོད་གང་ལེགས་བྱས་ཡོད། དེས་མ་ཚད་ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་དུ་ད་དུང་ཁྲོམ་རའི་ཐོག་དགའ་བསུ་ཐོབ་པའི་ཡུལ་སྐོར་ཐོན་རྫས་གསར་གྲས་ཁག་གཅིག་སྟེ“དགུན་དུས་ལྷ་སར་ཡུལ་སྐོར”གྱི་དྲ་ཐོག་དང་དྲ་ཕྱིའི་ཡུལ་སྐོར་མྱོང་རོལ་རྣམ་གྲངས་རབ་དང་རིམ་པ་ཐོན་ནས་ལྷ་སའི་ཡུལ་སྐོར་དབྱར་ཁ་ཡག་པ་དང་དགུན་ཁ་སྐྱོ་བའི་སྣང་ཚུལ་ལ་འགྱུར་ལྡོག་ཕྱིན་པའི་ཁར་དགུན་དུས་སུ་ལྷ་སར་ཡུལ་སྐོར་བྱ་རྒྱུ་དེ་དར་སྲོལ་ཞིག་ཏུ་གྱུར་ཡོད། སྟག་གདོང་གྲོང་ཚོའི་གྲོང་གསེབ་ཀྱི་སྤྲོ་གསེང་ཡུལ་སྐོར་རྣམ་གྲངས་དེས་གྲོང་ཁྱེར་ཉེ་འདབས་ཀྱི་སྤྲོ་གསེང་ཡུལ་སྐོར་ལ་དཔེ་སྟོན་བྱས་པ་དང་ཡུལ་སྐོར་བར་གནའ་བོའི་བོད་ཀྱི་གྲོང་ཚོའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་གྱི་ཉམས་སྣང་སྣ་ཚོགས་མྱོངས་སུ་བཅུག་ཡོད། “ལྷ་སའི་མི་ཚང”གི་དམངས་སྲོལ་རིག་གནས་ཡུལ་སྐོར་རྣམ་གྲངས་དེས་མྱོང་རོལ་རྣམ་པ་ཟབ་པའི་སྣེ་ལེན་ཞབས་ཞུ་བྱེད་སྟངས་སྤྱད་ནས་ཡུལ་སྐོར་བར་བོད་མིའི་འཚོ་བ་སྐྱེལ་སྟངས་ཉམས་སུ་མྱོང་རྒྱུའི་ཡིད་དབང་བཀུག་ཡོད། འབྲི་ཏ་ས་འཛིན་དང་ཁམ་བུ་སོགས་ཤིང་ཏོག་འཐུ་བསྡུའི་ཡུལ་སྐོར་རྣམ་གྲངས་དེས་ཡུལ་སྐོར་ལས་རིགས་དང་སྤྲོ་གསེང་ཞིང་ལས་ཟུང་དུ་སྦྲེལ་ནས“ཡུལ་སྐོར་དང་ཞིང་ལས་ཟུང་དུ་འབྲེལ་བའི”རྣམ་པ་ཟབ་མོ་ཞིག་ཆགས་ཡོད། 《རྒྱ་བཟའ་ཀོང་ཇོའི》དངོས་སྦྱོང་ཟློས་གར་ཆེ་གྲས་ལ་དེང་དུས་གར་སྟེགས་ཀྱི་སྒྱུ་རྩལ་རྣམ་པ་སྤྱད་ནས་ཐང་བོད་གཉེན་སྒྲིག་ལོ་རྒྱུས་སླར་ཡང་མངོན་པ་དང་དེ་ཡང་ཡུལ་སྐོར་བས་བོད་ཀྱི་ལོ་རྒྱུས་རིག་གནས་ཤེས་རྟོགས་བྱེད་པའི་སྐར་ཁུང་ཞིག་ཏུ་གྱུར་ཡོད།

    ལྷ་ས་གྲོང་ཁྱེར་པོ་ཏ་ལའི་ཡུལ་སྐོར་རིག་གནས་ཚོགས་པའི་ཏུང་ཧྲེ་ཀྲང་ཟླ་བ་ཕུན་ཚོགས་ཀྱིས་མྱོང་ཚོར་ཟབ་མོའི་སྒོ་ནས“ཐོན་རྫས་དེ་དག་ཡུལ་སྐོར་དང་ལྟ་སྐོར་ཁོ་ནར་མཁོ་འདོན་བྱས་པ་མ་ཡིན་པར། ཡུལ་སྐོར་བའི་སེམས་ཁམས་ཀྱི་མྱོང་ཚོར་ལ་སྣང་ཆེན་བྱས་ནས་ཡུལ་སྐོར་བའི་སྣ་མང་ཅན་གྱི་དགོས་མཁོ་སྐོང་རྒྱུ་མ་ཟད། ལྷ་སའི་ཡུལ་སྐོར་ལས་རྣམ་སྔར་བས་ཕུན་སུམ་ཚོགས་སུ་གཏོང་རྒྱུ་དང་། ཡུལ་སྐོར་ཐོན་རྫས་ཀྱི་གྲུབ་ཆ་ལེགས་སུ་གཏོང་རྒྱུ། ཡུལ་སྐོར་ཐོན་ཁུངས་ཀྱི་རིན་ཐང་འདོན་སྤེལ་བྱ་རྒྱུ་བཅས་ལ་ནུས་པ་ཆེན་པོ་ལྡན་ཡོད”ཅེས་བཤད།

    ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཐོན་ལས་ཚོགས་པའི་ཏུང་ཧྲེ་ཀྲང་ཚའོ་ཀྲེ་མིན་གྱིས“གོམ་སྟབས་རྗེས་མར་ང་ཚོས་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་བྱ་རྒྱུ་གཏིང་ཟབ་ཏུ་གཏོང་བ་དང་། ཡུལ་སྐོར་རྒྱུ་རྐྱེན་གཙོ་བོ་བསྡུ་སྒྲིལ་བྱེད་པ། ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་དང་ལེ་ལག་ཚང་བའི་ཞབས་ཞུ་འཛུགས་སྐྱོང་བྱེད་མགྱོགས་སུ་བཏང་ནས་ལྷ་སའི་ཡུལ་སྐོར་ལས་རིགས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཀྱི་གོམ་སྟབས་སྤོ་མགྱོགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན”ཞེས་གསར་འགོད་པར་བཤད་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།