འདི་ནི་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུའི་ཟུར་ཞིག་ཡིན་པ།
“ཀྲུང་གོའི་ཆེས་མཛེས་སྡུག་ལྡན་པའི་གྲོང་རྡལ”དང་། “ཀོང་པོ་ཀླུ་ནང་སླེབས་ན། ཨ་ཇོས་ཕ་ཡུལ་མི་དྲན”ཞེས་པ་དེ་དག་གིས་ཀླུ་ནང་གི་ཡུལ་ལྗོངས་མཚོན་གྱི་ཡོད།
ཀླུ་ནང་གི་སྣོད་བཅུད་ཁོར་ཡུག་བཟང་པོ་དང་ཡུལ་སྐོར་གསར་སྤེལ་གྱི་མི་མངོན་པའི་སྟོབས་ཤུགས་ཆེ་བར་བརྟེན་ཡུལ་སྐོར་བ་ཚོའི་ཡིད་ཀྱི་བརྟན་པ་འཕྲོག་པ་ནི་ཉིང་ཁྲིའི་སྤོབས་པ་རེད། “བོད་སྐྱོར་གྱི་འཛུགས་སྐྲུན་མ་དངུལ་ལ་བརྟེན་པ་དང་སྤྱི་ཚོགས་ཀྱི་མ་དངུལ་དེའི་ནང་ཧུར་ཐག་བཏང་ནས་ཀླུ་ནང་གྲོང་རྡལ་འདི་ཉིད་རྒྱལ་ཁབ་ཕྱི་ནང་དུ་སྐད་གྲགས་ཆོད་པའི་ཡུལ་སྐོར་གྲོང་རྡལ་ཆུང་ངུ་ཞིག་དང་། བོད་ཤར་ལྷོའི་ཡུལ་སྐོར་བསྡུ་འགྲེམས་ལྟེ་གནས། བོད་དུ་ཡུལ་སྐོར་བྱེད་པའི་ས་རིས་མཚོན་རྟགས་གལ་ཆེན་བཅས་སུ་བཏོད་ཡོད”2010ལོར་ཉིང་ཁྲིས་དཔལ་འབྱོར་གོང་འཕེལ་གཏོང་ཐབས་ལ་འགྱུར་ལྡོག་གཏོང་བ་དང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་བའི་ཐད་བཏོན་པའི་འཐབ་ཇུས་བསམ་བློར་ཀོང་ཏུང་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་གཉིས་པོའི་ཏང་ཨུད་དང་སྲིད་གཞུང་གིས་ཁས་ལེན་གང་ལེགས་དང་ཚད་མཐོའི་མཐོང་ཆེན་བྱས་ཡོད། “ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུའི་རྣམ་གྲངས”དེ་ནས་བྱུང་བ་དང་ཆབས་ཅིག་ཀོང་ཏུང་ཞིང་ཆེན་གྱིས་བོད་སྐྱོར་རྣམ་གྲངས་གལ་ཆེན་ལ་བརྩི་རྒྱུའི་གཏན་འཁེལ་བྱས་པ་དང་འབྲེལ་རང་སྐྱོང་ལྗོངས་ཀྱིས་ཀྱང་ཡུལ་སྐོར་གསར་སྤེལ་གྱི་རྣམ་གྲངས་གཙོ་གནད་དུ་གཏན་འཁེལ་བྱས་པ་རེད།
2011ལོའི་ཟླ་9པར་ས་ཁྱོན་མུའུ་1288(མིས་བཟོས་མཚེའུ་ཡི་རྒྱ་ཁྱོན་ཚུད་མེད)བཟུང་བར་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་35ཙམ་བཏང་བའི“ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུའི་རྣམ་གྲངས”ལ་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཞིབ་བཤེར་མཆན་བཀོད་བཀའ་ལན་ཐོབ་ཡོད།
“བོད་ནི་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པར་བརྟེན་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུ་གསར་སྤེལ་འཛུགས་སྐྲུན་བྱ་རྒྱུའི་ཐད་ཁོར་ཡུག་ལ་གཏོར་སྐྱོན་མི་ཕོག་པའི་འགན་ལེན་བྱ་རྒྱུ་ནི་བསམ་གཞིག་བྱེད་གཞི་ཨང་དང་པོ་ཡིན་པ”དེ་ནི་ཀོང་ཏུང་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་གཉིས་པོའི་ཏང་ཨུད་དང་སྲིད་གཞུང་གི་གཅིག་གྱུར་གྱི་ཐུན་མོང་ངོས་འཛིན་ཞིག་རེད།
“རི་མཐོང་རྒྱུ་ཡོད་པ་དང་། ཆུ་མཐོང་རྒྱུ་ཡོད་པ། ཕ་ཡུལ་ལྗོངས་དེ་ཡིད་ལ་འཁོར་ཐུབ་པ་བཅས”བྱ་རྒྱུ་ནི་ཀོང་ཏུང་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་གཉིས་པོའི་འགོ་ཁྲིད་ཀྱིས་ཡུལ་སྐོར་གསར་སྤེལ་འཛུགས་སྐྲུན་བྱེད་རིང་གྲོང་རྡལ་ཆུང་ངུའི་ཁོར་ཡུག་སྲུང་སྐྱོང་གི་གཟུགས་བརྙན་མཐའ་འཁྱོངས་བྱེད་དགོས་པའི་བླང་བྱ་བཏོན་པ་ཞིག་རེད།
དེར་བརྟེན་འཛུགས་སྐྲུན་བྱེད་པའི་དུས་འགོར་ཀོང་ཏུང་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་གཉིས་པོས་འཆར་འགོད་སྔོན་ལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་པེ་ཅིང་སློབ་ཆེན་ཀྲུང་གོའི་གྲོང་ཁྱེར་ཇུས་འགོད་ཞིབ་འཇུག་ལྟེ་གནས་ཀྱི་མི་སྣ་གདན་དྲངས་ནས“བོད་རིགས་ཀྱི་རིག་གནས། རང་བྱུང་སྣོད་བཅུད། དབེན་འཇམ་གནས་མཆོག་དེང་རབས་དར་སྲོལ”བཅས་ཀྱི་འདུ་ཤེས་གཞིར་བཟུང་གྲོང་རྡལ་ཆུང་ངུར་སྤྱི་ཡོངས་ཀྱི་ཇུས་འགོད་དང་འཛུགས་སྐྲུན་གྱི་བློས་བསླངས་ཇུས་འགོད་བྱས་པ་དང་། ཀོང་ཏུང་ཞིང་ཆེན་གྲོང་ཁྱེར་དང་གྲོང་གསེབ་འཆར་འགོད་ཇུས་འགོད་ཞིབ་འཇུག་ཁང་གིས་སྤྱི་ཡོངས་ཀྱི་འཆར་འགོད་དང་དེ་བཞིན་ཚོད་འཛིན་རང་བཞིན་གྱི་ཞིབ་ཕྲའི་འཆར་འགོད་ཀྱི་འགན་འཁུར་བ་དང་ཆབས་ཅིག་འཆར་འགོད་ལ་ནན་པོར་གཞིགས་ཏེ་འཛུགས་སྐྲུན་གྱི་ཇུས་འགོད་དང་ཨར་ལས་འཛུགས་སྐྲུན་ལ་སྐུལ་མ་བཏང་ནས་འཆར་འགོད་རྩེ་གྲ་དེ་རྣམ་གྲངས་རྩེ་གྲར་བསྒྱུར་རྒྱུའི་འགན་ལེན་བྱས་ཡོད།
2013ལོའི་ཟླ་4ཚེས་29ཉིན་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས་5པའི་ཐོག《ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུའི་སྤྱི་ཡོངས་ཀྱི་འཆར་འགོད་དང་དེ་བཞིན་ཚོད་འཛིན་རང་བཞིན་གྱི་ཞིབ་ཕྲའི་འཆར་འགོད》ལ་ཞིབ་འཇུག་བྱས་ནས་གྲོས་འཆམ་བྱུང་བ་དང་ཆབས་ཅིག་དངོས་སུ་སྐྲུན་འགོ་ཚུགས་པ་རེད།
བོད་ཀྱི་ཐུན་མོང་མ་ཡིན་པའི་ས་བབ་དང་རང་བྱུང་ཁོར་ཡུག་གི་རྐྱེན་པས་ཡུལ་སྐོར་རྣམ་གྲངས་གསར་སྤེལ་འཛུགས་སྐྲུན་བྱེད་པའི་ཐད་བླང་བྱ་ནན་པོ་མང་པོ་བཏོན་ཡོད་པ་ལྟར་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུ་བསྐྲུན་རིང་ངེས་པར་དུ་སྣོད་བཅུད་བདེ་འཇགས་ཀྱི་དམར་ཐིག་དང་མཐའ་ཚད་བརྟན་སྲུང་བྱེད་དགོས་པའི་རེ་བ་བཏོན་ཡོད།
ལོ་ལྔའི་རིང་འཆར་འགོད་འཛུགས་སྐྲུན་བྱས་པ་བརྒྱུད་སྣོད་བཅུད་དང་། བཟོ་བཀོད། ལས་རིགས། རིག་གནས་བཅས་ཕན་ཚུན་ཟུང་དུ་སྦྲེལ་བ་བརྒྱུད་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུ་མཐར་བསྐྲུན་ཟིན་པ་དང་སྦྲགས་2016ལོའི་ཟླ་10པར་ཚོད་ལྟའི་ངང་སྤྱོད་འགོ་ཚུགས་པ་རེད། ཀོང་ཏུང་ཞིང་ཆེན་ནས་ཡོང་བའི་ཡུལ་སྐོར་བ་100ལྷག་ཙམ་གྱིས་ཀླུ་ནང་དུ་བསྐྱོད་སྐབས་དེ་གའི་ནམ་མཁའ་སྔོ་ཞིང་སྤྲིན་དཀར་བ་དང་། ཁ་བའི་འདབ་མས་བཀླུབས་པའི་རི་གཤམ་དུ་བོད་བཟོའི་ཉམས་འགྱུར་ལྡན་པའི་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུ་མཐོང་བ་དང་། ཡུལ་མི་ཚོའི་གཙང་སྦྲ་དོད་ཅིང་གྲལ་སྟར་སྒྲིག་པའི་ཁྱིམ་ཚང་མགྲོན་ཁང་ལ་ལྟ་སྐོར་བྱས་རྗེས་དགའ་བས་རབ་ཏུ་མྱོས། “ས་ཆ་འདི་ནི་ང་ཚོའི་སེམས་ནང་མཛེས་ཤོས་ཤིག་རེད་འདུག”ཅེས་ཧང་སངས་བཞིན་དུ་བསྔགས་བརྗོད་རྒྱུན་མི་ཆད་པར་བྱས་པ་རེད།
“ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུའི་གང་སར་གནས་མཆོག་དབེན་འཇམ་ཡོང་རྒྱུ་ང་ཚོ་ནས་འགོ་འཛུགས་དགོས”ཞེས་པ་དེ་ནི་ཀླུ་ནང“རྔུལ་ལེན་དམར་པོའི”ཁོར་ཡུག་སྲུང་སྐྱོང་དང་བླངས་པའི་དཔུང་ཁག་དང་ས་གནས་ལས་བྱེད་པ་དང་མང་ཚོགས་ཀྱི་འབོད་སྒྲ་ཡིན་ལ་དེ་བས་ཁོང་ཚོའི་རང་རྟོགས་བྱ་སྤྱོད་ཅིག་ཀྱང་རེད། གསེར་སྐྱེམས་ལ་དང་། བྲག་ཐང་ཀླུ་མཚོའི་འགྲམ། གྲོང་ཚོ་ཁག་ཏུ་བསྐྱོད་པའི་འགྲོ་ལམ་བཅས་ནས་མི་ཚོས“རྔུལ་ལེན་དམར་པོ”གྱོན་པའི་གད་སྙིགས་གཙང་སེལ་བྱེད་མཁན་ཚོས་ཁུག་ཀྱོག་གང་སར་གད་ཕྱིས་རྒྱག་པའི་རྣམ་པ་མཐོང་རྒྱུ་ཡོད། བཀྲ་ཤིས་སྒང་གྲོང་ཚོའི་ཡུལ་མི་མཆོག་གིས་གསར་འགོད་པར“ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུ་རྩེ་གྲ་བསྐྲུན་པར་ཀླུ་ནང་གི་སྣོད་བཅུད་སྲུང་སྐྱོང་དང་། ནགས་ཚལ་དང་རྩྭ་སར་གཅེས་སྐྱོང་། མཛེས་སྡུག་ལྡན་པའི་ཕ་ཡུལ་སྲུང་སྐྱོང་བཅས་བྱ་རྒྱུ་ནི་ང་ཚོའི་འགན་འཁྲི”ཡིན་ཞེས་བརྗོད་བྱུང་།