ཚེས་17ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་གསར་འགོད་པར་ཤེས་རྟོགས་བྱུང་གསལ། གསར་དུ་བཟོ་བཅོས་བརྒྱབ་པའི《བོད་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་དོ་དམ་སྲོལ་ཡིག》(རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་དྲུག་པའི་ཐོག་བཟོ་བཅོས་ཀྱིས་གྲོས་འཆམ་བྱུང་བ)2017ལོའི་ཟླ་1ཚེས་1ཉིན་ནས་ལག་ལེན་བསྟར་རྒྱུ་ཡིན་པ་རེད། 《སྲོལ་ཡིག》དེ་མིག་སྔའི་རང་ལྗོངས་ཀྱི་མཐའ་མཚམས་དོ་དམ་ལས་དོན་ཁྲོད་ཀྱི་གནས་ཚུལ་དང་གནད་དོན་གསར་པ་ཐག་གཅོད་བྱ་རྒྱུར་གཞི་ཚུགས་པས་དམངས་འཚོ་འགན་ལེན་བྱེད་པ་དང་། མཐའ་མཚམས་ས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་བྱེད་པ། མཐའ་མཚམས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཁྲིམས་སྲོལ་གལ་ཆེན་ཞིག་ཡིན་པ་རེད།
གསར་དུ་བཟོ་བཅོས་བརྒྱབ་པའི《སྲོལ་ཡིག》ལ་སྤྱིའི་རྩ་དོན་དང་། རྒྱལ་མཚམས(མཐའ་མཚམས)ཀྱི་དོ་དམ། མཐའ་མཚམས་ས་ཁུལ་དོ་དམ། མཐའ་མཚམས་ཡུལ་མི་འགྲོ་འོང་དོ་དམ། བཅའ་ཁྲིམས་ཀྱི་འགན་འཁྲི། ཞར་བྱུང་རྩ་དོན་བཅས་ཁྱོན་བསྡོམས་ས་བཅད་དྲུག་དང་དོན་ཚན་སོ་དགུ་ཡོད་ཅིང་། ཡི་གེའི་གསལ་བཤད་ཁག་གཅིག་དང་ནང་གསེས་ཀྱི་གཏན་ཚིགས་གོ་རིམ་སྔར་བས་ཚད་ལྡན་དུ་བཏང་བ་ཕུད་གཙོ་བོ་ཕྱོགས་བདུན་གྱི་ཐད་བཟོ་བཅོས་བརྒྱབ་པ་སྟེ།གཅིག་ནི་མཐའ་མཚམས་དོ་དམ་གྱི་ནང་དོན་ཁྱབ་ཁོངས་གཏན་འཁེལ་ཁ་གསལ་དུ་བཏང་ཞིང་། སྲོལ་ཡིག་ནང་བརྗོད་པའི་མཐའ་མཚམས་དོ་དམ་ཞེས་པའི་ནང་རྒྱལ་མཚམས(མཐའ་མཚམས)ཀྱི་དོ་དམ་དང་མཐའ་མཚམས་ས་ཁུལ་དོ་དམ་གཉིས་ཚུད་ཡོད། དེ་སྔའི《སྲོལ་ཡིག》ནང“མཐའ་མཚམས་བཀག་སྡོམ་ས་ཁུལ”ཞེས་འཁོད་པ་དེ་མཐའ་མཚམས་དམིགས་གཏན་འཁེལ་བའི་ས་ཁོངས་ཞེས་སུ་བསྒྱུར་བ་མ་ཟད་འགག་སྒོ་དང་། མཐའ་མཚམས་བགྲོད་ལམ། མཐའ་མཚམས་ཀྱི་སྐབས་འཕྲལ་ཉེན་ཟོན་ཁུལ། མཐའ་མཚམས་ཉོ་ཚོང་ཁུལ(ས་ཚིགས) མཐའ་མཚམས་ཡུལ་སྐོར་མཛེས་ལྗོངས་ཁུལ(ས་ཚིགས)སོགས་ཀྱི་ས་ཁོངས་དག་མཐའ་མཚམས་དམིགས་གཏན་འཁེལ་བའི་ས་ཁོངས་ནང་བཅུག་ཡོད། མཐའ་མཚམས་ཡུལ་མི་ནི་རྒྱལ་མཚམས(མཐའ་མཚམས)ཉེ་འགྲམ་གྱི་ཁྱབ་ཁོངས་ངེས་ཅན་ཞིག་ཏུ་རྒྱུན་དུ་སྡོད་མཁན་གྱི་མཐའ་མཚམས་དོ་དམ་ཁུལ་གྱི་ཡུལ་མིར་བརྗོད་ཀྱི་ཡོད་ཅེས་ཁ་གསལ་བཏོན་པ་དང་། གཉིས་ནི་མཐའ་མཚམས་དོ་དམ་གྱི་འགོ་ཁྲིད་སྒྲིག་སྲོལ་ཁ་གསལ་དུ་བཏང་ཞིང་། 《སྲོལ་ཡིག》གི་དོན་ཚན་བཞི་པའི་ནང“རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་མཐའ་མཚམས་དོ་དམ་ཁུལ་གནས་སའི་ས་ཁུལ(གྲོང་ཁྱེར)དང་། རྫོང་། ཤང(གྲོང་རྡལ)བཅས་ཀྱི་མི་དམངས་སྲིད་གཞུང་གིས་མཐའ་མཚམས་དོ་དམ་ལས་ཀའི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་པ་དང་། དམངས་གཅེས་མཐའ་བརྟན་དང་མཐའ་དར་དམངས་ཕྱུག་གི་བྱ་སྤྱོད་སྤེལ་དགོས”ཞེས་གཏན་འབེབས་བྱས་པ། གསུམ་ནི་སྤྱི་བདེ་མཐའ་སྲུང་སྡེ་ཚན་གྱི་མཐའ་མཚམས་དོ་དམ་ལས་ཀའི་འགན་འཁྲི་ཁ་གསལ་དུ་བཏང་ཞིང་། 《སྲོལ་ཡིག》གི་དོན་ཚན་དྲུག་པའི་ནང“སྤྱི་བདེ་མཐའ་སྲུང་སྡེ་ཚན་གྱིས་མཐའ་མཚམས་ས་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་དོ་དམ་དང་། མི་འབོར་ཞབས་ཞུའི་དོ་དམ། ཕར་འགྲོ་ཚུར་འོང་གི་ཞིབ་བཤེར། མངའ་ཁོངས་ནས་སྒྲོལ་བ་དང་འཛུལ་བའི་མཐའ་སྲུང་ཞིབ་བཤེར་སོགས་ཀྱི་འགན་འཁྲི་ཁྲིམས་ལྟར་ལག་ལེན་བསྟར་དགོས”ཞེས་གཏན་འབེབས་བྱས་པ། བཞི་ནི་མཐའ་མཚམས་ཀྱི་སྐབས་འཕྲལ་ཉེན་ཟོན་ཁུལ་དབྱེ་འབྱེད་དབང་ཆ་དང་ས་མཚམས་ནས་སྒྲོལ་བ་དང་འཛུལ་བའི་ཆོག་མཆན་དབང་ཆ་ཁ་གསལ་དུ་བཏང་ཞིང་། 《སྲོལ་ཡིག》ནང“མཐའ་མཚམས་ཀྱི་སྐབས་འཕྲལ་ཉེན་ཟོན་ཁུལ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་མཐའ་མཚམས་དོ་དམ་ལས་ཀའི་དགོས་མཁོ་གཞིར་བཟུང་མཐའ་མཚམས་དོ་དམ་ཁུལ་གྱི་ཁྱབ་ཁོངས་ངེས་ཅན་ཞིག་ཏུ་གཏན་འཁེལ་བྱས་ནས་གནས་སྐབས་དམིགས་བསལ་དོ་དམ་བྱེད་པའི་ས་ཁོངས་སུ་འཛིན་དགོས”ཞེས་གཏན་འབེབས་བྱས་ཡོད་པས་མཐའ་མཚམས་དོ་དམ་ཁུལ་དུ་སྐབས་འཕྲལ་དོ་དམ་ཚོད་འཛིན་བྱེད་པའི་བྱ་ཐབས་དང་བཅའ་ཁྲིམས་ཀྱི་གཞི་འཛིན་ས་མེད་པའི་ད་ལྟའི་གནས་ཚུལ་ལ་འགྱུར་ལྡོག་ཕྱིན་པ། ལྔ་ནི་མཐའ་མཚམས་དོ་དམ་ཁུལ་ནས་སྒྲོལ་བ་དང་འཛུལ་བའི་འགྲོ་འཐུས་གཏན་འབེབས་འཐུས་སྒོ་ཚང་དུ་བཏང་ཞིང་། སྤྱི་བདེ་པུའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཐའ་མཚམས་དོ་དམ་ཁུལ་གྱི་ཐོངས་འཛིན་དོ་དམ་བྱ་ཐབས》དང་། 《བོད་རང་སྐྱོང་ལྗོངས་ཀྱི་ཕྱོགས་མིའི་ཞབས་ཞུ་དོ་དམ་སྲོལ་ཡིག》《བོད་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་དོ་དམ་ཁུལ་གྱི་ཐོངས་མཆན་སྤྲོད་པའི་དོ་དམ་བྱ་ཐབས》བཅས་དང་ཟུང་འབྲེལ་བྱས་ཏེ་མཐའ་མཚམས་དོ་དམ་ཁུལ་ནས་སྒྲོལ་བ་དང་འཛུལ་བའི་གོ་ཆོད་ལག་ཁྱེར་སྔར་བས་ཁ་གསལ་དུ་བཏང་བ། དྲུག་ནི་མཐའ་མཚམས་དོ་དམ་ཁུལ་དང་མཐའ་མཚམས་ས་ཁུལ་དུ་ཐོན་སྐྱེད་ལས་སྒྲུབ་ཀྱི་དོ་དམ་གཏན་འབེབས་འཐུས་སྒོ་ཚང་དུ་བཏང་ཞིང་། མཐའ་མཚམས་དོ་དམ་ཁུལ་དུ་ཚད་འཇལ་ཐིག་ལེན་དང་། བཙལ་འཚོལ། གཏེར་འདོན། ཤིང་གཅོད། འབར་རྫས་མེ་སྤོར་བ། ཚན་རིག་རྟོག་ཞིབ། རི་འཛེག པར་ལེན་སོགས་ཀྱི་བྱེད་སྒོ་སྤེལ་སྐབས་འབྲེལ་ཡོད་ཞིབ་མཆན་འགོད་མཁན་སྡེ་ཚན་གྱིས་དུས་ཐོག་ཏུ་སྤྱི་བདེ་མཐའ་སྲུང་སྡེ་ཚན་དང་། བཅིངས་འགྲོལ་དམག་མཐའ་སྲུང་དཔུང་སྡེ། ཕྱི་དོན་སྡེ་ཚན་བཅས་ལ་བརྡ་ཐོ་གཏོང་དགོས་པ་དང་། མཐའ་མཚམས་ས་ཁུལ་དུ་གོང་གསལ་གྱི་བྱེད་སྒོ་སྤེལ་བའི་རིགས་ལ་འབྲེལ་ཡོད་ཞིབ་མཆན་འགོད་མཁན་སྡེ་ཚན་གྱིས་སྔོན་ལ་སྤྱི་བདེ་མཐའ་སྲུང་སྡེ་ཚན་དང་། བཅིངས་འགྲོལ་དམག་མཐའ་སྲུང་དཔུང་སྡེ། ཕྱི་དོན་སྡེ་ཚན་བཅས་ཀྱི་བསམ་འཆར་བསྡུ་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ། བདུན་ནི་བཅའ་ཁྲིམས་ཀྱི་འགན་འཁྲི་འཐུས་སྒོ་ཚང་དུ་བཏང་ཞིང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་གཏན་འབེབས་གཞིར་བཟུང་བཅའ་ཁྲིམས་ཀྱི་འགན་འཁྲིའི་ཆ་ཤས་ལ་དགོས་ངེས་ཀྱི་བཟོ་བཅོས་བརྒྱབ་པ་དང་འཐུས་སྒོ་ཚང་དུ་བཏང་བ་རེད།