དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ཀྱི་རི་འཛེག་ལུས་རྩལ་པས“7+2”ཀྱི་རླབས་ཆེའི་ལས་འགན་ཐོག་མར་ལེགས་པར་བསྒྲུབས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2016-12-28

    པེ་ཅིང་གི་དུས་ཚོད་ཚེས་25ཉིན་གྱི་ཞོགས་པའི་ཆུ་ཚོད་6དང་སྐར་མ་16ཙམ་ལ། བོད་ཀྱི་རི་འཛེག་རུ་ཁག་གི་བོད་རིགས་རུ་མི་བདེ་ཆེན་དངོས་གྲུབ་དང་ཚེ་རིང་བསྟན་དར་གྱིས་ཀྲུང་གོ་ས་གཤིས་སློབ་ཆེན(ཝུའུ་ཧན)རི་འཛེག་རུ་ཁག(གཤམ་དུ“ས་གཤིས་སློབ་ཆེན་རི་འཛེག་རུ་ཁག”ཞེས་བསྡུ་རྒྱུ)དང་མཉམ་དུ་རྐང་ཐང་མར་སའི་གོ་ལའི་ལྷོ་སྣེར་བསྐྱོད་ཅིང་། བོད་ཀྱི་རི་འཛེག་ལུས་རྩལ་པས“7+2”(དེ་ཡང་འཛམ་གླིང་གི་གླིང་ཆེན་བདུན་གྱི་རི་བོ་མཐོ་ཤོས་ལ་འཛེག་རྒྱུ་དང་རྐང་ཐང་མར་སའི་གོ་ལའི་ལྷོ་སྣེ་དང་བྱང་སྣེར་བསྐྱོད་རྒྱུ)ཀྱི་རླབས་ཆེའི་དམིགས་ཡུལ་ཐོག་མར་མངོན་དུ་འགྱུར་ཡོད་པ་རེད།

    དེ་དང་ཆབས་ཅིག་བོད་ཀྱི་རི་འཛེག་རུ་ཁག་གིས་འཛམ་གླིང་ཐོག་གི་ས་བབ་མཐོ་ཚད་སྨི་8000ཡན་གྱི་རི་བོ་14ལ་འཛེགས་པ་དང“7+2”ཀྱི་འགྲན་སློང“ལས་འགན”ཚང་མ་ལེགས་པར་བསྒྲུབས་ཡོད། 1993ལོ་ནས་2007ལོ་བར་བོད་ཀྱི་རི་འཛེག་མྱུལ་དཔྱད་རུ་ཁག་གི་རུ་མི་གཙོ་བོ་3གྱིས་ས་བབ་མཐོ་ཚད་སྨི་8000ཡན་གྱི་རི་བོ་14གྲུབ་འབྲས་ཐོན་པའི་སྒོ་ནས་འཛེགས་ཡོད་པ་རེད།

    ས་གཤིས་སློབ་ཆེན་རི་འཛེག་རུ་ཁག་གི“7+2”རི་འཛེག་ཚན་རིག་རྟོག་ཞིབ་རྣམ་གྲངས་དེ་2012ལོ་ནས་ལག་བསྟར་བྱེད་འགོ་ཚུགས་ཤིང་། ད་ཐེངས་ཀྱི་ལྷོ་སྣེའི་རི་འཛེག་རུ་ཁག་ནི་དགེ་རྒན་གཉིས་དང་སློབ་མ་གསུམ་ལས་གྲུབ་པ་ཞིག་རེད། པེ་ཅིང་གི་དུས་ཚོད་ཟླ་12ཚེས་2ཉིན་རུ་མི་ལྔ་པོས་ཝུའུ་ཧན་ནས་རྡོག་ཐོན་ཏེ་ལྷོ་སྣེའི་གླིང་གི་ཕྱོགས་སུ་བསྐྱོད་པ་དང་། ལྷོ་སྣེའི་སྐམ་ས་ཆེ་མོར་འབྱོར་རྗེས་རུ་མི་ཚོས་སྔོན་ལ་ལྷོ་སྣེའི་གླིང་གི་རི་བོ་མཐོ་ཤོས་ཝུན་སེན་རི་བོ་འཛེགས་པ། ཚེས་14ཉིན་གྱི་ཐོ་རེངས་ཆུ་ཚོད་2དང་སྐར་མ་34ཙམ་ལ་རི་རྩེར་སླེབས་པ། རི་རྩེ་ནས་བབས་རྗེས་རུ་མི་རྣམས་ཀྱིས་ཉིན་ཁ་ཤས་ངལ་གསོ་བརྒྱབ་པ། དེ་ནས་ཚེས་18ཉིན་ལྷོ་སྣེར་སྐྱོད་འགོ་ཚུགས་པ་རེད།

    “ལྷོ་སྣེར་རྐང་ཐང་མར་སྐྱོད་པ་དང་རི་འཛེག་པ་དེ་སྐམ་ས་དང་བསྡུར་ན་བསྡུར་ཐབས་མེད། དཀའ་ལས་ཧ་ཅང་ཆེན་པོ་ཡོད”ཅེས་སྔ་བར་ཕྱི་གསུམ་དུ་མདུན་གྱི་རུ་མི་དང་འབྲེལ་གཏུག་བྱེད་མཁན་ཀྲུང་གོ་ས་གཤིས་སློབ་ཆེན(ཝུའུ་ཧན)ལུས་རྩལ་སློབ་ཚན་པུའི་ཏང་གི་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ལིའུ་རུའེ་ཡིས་བཤད་པ་དང་། ཁོང་གིས“ལྷོ་སྣེའི་གནམ་གཤིས་ལྷག་པར་གྲང་ཞིང་། དུས་ཚིགས་འདིར་དྲོད་ཚད་སྤྱིར་ན་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་40ནས་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་60བར་ཡིན། ས་ཆ་དེའི་གནམ་གཤིས་འགྱུར་བ་ཆེ་བས་རུ་མི་ཚོས་གངས་རླུང་དྲག་པོ་དུས་ངེས་མེད་དུ་འཚུབ་སྲིད་པར་ཁ་གཏད་གཅོག་དགོས་ཡོད”ཅེས་བཤད་བྱུང་།

    ལིའུ་རུའེ་ཡིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཁ་པར་གྱི་བཅར་འདྲི་དང་ལེན་བྱེད་སྐབས“གནམ་གཤིས་སྡུག་པོ་དེ་ལྟ་བུའི་ཁྲོད། བོད་རིགས་རུ་མི་ཚེ་རིང་བསྟན་དར་དང་བདེ་ཆེན་དངོས་གྲུབ་གཉིས་ཀྱིས་གཙོ་ཤུགས་ཀྱི་ནུས་པ་འདོན་སྤེལ་བྱས་ཡོད། ད་ཐེངས་ཀྱི‘7+2’རི་འཛེག་ཚན་རིག་རྟོག་ཞིབ་བྱེད་སྒོར་ཞུགས་མཁན་རུ་མིའི་ནང་ཁོང་གཉིས་པོས་གླིང་ཆེན་བདུན་གྱི་རི་བོ་མཐོ་ཤོས་སུ་འཛེགས་པ་མ་ཟད། རྐང་ཐང་མར་ལྷོ་སྣེ་དང་བྱང་སྣེ་གཉིས་ཀྱི་མཐའ་སྣེར་གྲུབ་འབྲས་ཐོན་པའི་ངང་བསྐྱོད་ཡོད”ཅེས་བཤད་བྱུང་།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།