མི་དམངས་དྲ་བའི་འཕྲིན། བསམ་ཡས་གཙུག་ལག་ཁང་ནི་ཡར་ཀླུང་གཙང་པོའི་བྱང་ངོས་སུ་གནས་ཤིང་། དེ་ནི་བོད་བརྒྱུད་ནང་བསྟན་ལོ་རྒྱུས་སུ་སངས་རྒྱས་དང་། ཆོས། དགེ་འདུན་བཅས་དཀོན་མཆོག་གསུམ་ཀ་འཛོམས་པའི་དགོན་པ་ཐོག་མ་ཡིན་ཞིང་། བོད་ཀྱི་དགོན་པ་ཨང་དང་པོ་ཞེས་འབོད་སྲོལ་ཡོད་པ་དང་། བོད་བརྒྱུད་ནང་བསྟན་ལོ་རྒྱུས་ཐོག་ལོ་རྒྱུས་ཀྱི་གོ་གནས་གལ་ཆེན་བཟུང་ཡོད་ཅིང་། རྒྱལ་ཁབ་རིམ་པའི་རིག་གནས་ཤུལ་དངོས་རྩ་ཆེན་སྲུང་སྐྱོང་བྱེད་ཡུལ་ཡིན་ལ། བོད་ལྗོངས་སུ་སྙན་གྲགས་ཆེ་བའི་ཡུལ་སྐོར་གནས་མཆོག་ཞིག་ཀྱང་རེད།གོ་ཐོས་སུ་གཙུག་ལག་ཁང་གི་བཀོད་པ་སྤྱི་ཡོངས་ནི་ནང་ཆོས་ཀྱི"འཇིག་རྟེན་ལྟ་བ"ཡི་གྲུབ་ཚུལ་གཞི་བཟུང་ནས་ཇུས་འགོད་བྱས་ཏེ་གྲུབ་ཅིང་། དཀྱིལ་འཁོར་གྱི་རྣམ་པ་མངོན་པ་རེད།བསམ་ཡས་གཙུག་ལག་ཁང་ནི་སྤྱི་ལོ་762ལོར་བཞེངས་འགོ་བརྩམས་པ་དང་། བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་སྐུ་ངོ་མས་རྨང་གཞི་འདིང་གནང་ཞིང་དུས་ཡུན་ལོ་ངོ་བཅུ་གཉིས་རིང་བཞེངས་ནས་སྤྱི་ལོ775ལོར་ལེགས་འགྲུབ་ངང་བཞེངས་གྲུབ་པ་རེད།