འདི་ནི་ཟླ་9ཚེས་1ཉིན་རྫོང་རྒྱབ་ཀླུ་ཁང་དུ་ལྷ་མོ་བས་ལྷ་མོ་འཁྲབ་པའི་གནས་ཚུལ་ཡིན་པ།
ཞོ་སྟོན་གྱི་ལེ་ཚན་དུ་མའི་ཁྲོད་ནས་ལྷ་མོར་རྒྱ་ཆེའི་མང་ཚོགས་ཀྱིས་དགའ་བསུ་མང་ཤོས་ཐོབ་ཀྱི་ཡོད། ལྷ་མོར་དབྱིངས་ཞུགས་མཁན་གྱི་རེ་འདུན་སྐོང་ཆེད། ཞོ་སྟོན་ཉིན་དང་པོ་ནས་བདུན་པ་བར་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་དང་། མལ་གྲོ་གུང་དཀར་རྫོང་། སྙེ་མོ་རྫོང་། གཞིས་རྩེ་གྲོང་ཁྱེར་དང་ལྷོ་ཁ་གྲོང་ཁྱེར་བཅས་ནས་ཡོང་བའི་ལྷ་མོ་ཚོགས་པས་ནོར་བུ་གླིང་ཁ་དང་རྫོང་རྒྱབ་ཀླུ་ཁང་དུ་རྒྱ་ཆེའི་ལྷ་མོར་དབྱིངས་ཞུགས་མཁན་ཚོར་ཕུལ་བྱུང་གི་ལྷ་མོ་འཁྲབ་སྟོན་བྱེད་ཀྱི་ཡོད།
ཟླ་9ཚེས་1ཉིན་གྱི་སྔ་དྲོའི་ཆུ་ཚོད་10པ་ཙམ་ལ་རྫོང་རྒྱབ་ཀླུ་ཁང་གི་འཁྲབ་རར་ལྟད་མོ་བས་ཁེངས་ཤིང་། ཉིན་དེར་ཆར་པ་སིམ་སིམ་བབས་རུང་། སྒྱིད་ལུག་མེད་པའི་འཁྲབ་སྟོན་པ་དང་སྤྲོ་སེམས་ཀྱིས་ཁེངས་པའི་ལྟད་མོ་བ་ཚོས་འཁྲབ་གཞུང་ནང་དབྱིངས་ཞུགས་ནས་བསྡད་ཡོད།
འདི་ལོ་ལོ་81ལ་སླེབས་པའི་བགྲེས་སོང་ལྷག་པ་ཚེ་རིང་གིས་ཇ་བསྲུབས་མ་ཇ་དམ་གང་དང་རྩམ་ཁུག་ཆུང་ངུ་འཁྱེར་ནས་ཇ་འཐུང་གིན་དུ་ལྷ་མོར་དབྱིངས་ཞུགས་བཞིན་ཡོད། ཁོང་གིས་གསར་འགོད་པར་ལྷ་མོར་དགའ་པོ་ཡོད་པའི་ངས་དུས་ཆེན་གང་ཡིན་རུང་ལྷ་མོ་ཡོད་ཚེ་ངས་རྟག་ཏུ་ལྟ་བར་འགྲོ་གི་ཡོད། འདི་ལོའང་དེ་ལྟར་ཡིན། ཞོ་སྟོན་གྱི་ཉིན་7རིང་། ངས་ཉིན་ལྟར་ལྷ་མོ་ལྟ་རྩིས་ཡོད། ཉེ་བའི་ལོ་ཤས་རིང་ལྷ་མོ་འཁྲབ་སྟོན་ཉིན་བཞིན་ཡག་ཏུ་ཕྱིན་པའི་ཁར་འཁྲབ་ཆས་དང་། གར་སྟེགས་ཇུས་འགོད། འཁྲབ་སྟོན་པའི་འཁྲབ་རྩལ་དང་། རྣམ་ཐར་གྱི་ནང་དོན་ཡང་ཡག་ཏུ་ཕྱིན་འདུག དེས་ན་ལྟ་མོའང་ཆེན་པོ་འདུག་ཅེས་བཤད་བྱུང་།