འབྲས་ལྡན་གྱི་ཟླ་8པར་གཉེར་བའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཅུ་བཞི་པར་གཞིས་རྩེའི་གདོད་མའི་ཞབས་བྲོ་དང་མངོན་མིན་རིག་གནས་ཤུལ་བཞག་གིས་ཕྱོགས་བཞི་མཚམས་བརྒྱད་ནས་འོང་བའི་སྐུ་མགྲོན་རྣམས་ཀྱི་ཡིད་ཀྱི་བརྟན་པ་ཅིག་ཅར་དུ་འཕྲོག་ཡོད།
རིག་གནས་ཀྱི་ནང་དོན་རྒྱ་ཆེ་ལ་གཏིང་ཟབ་པ།
བོད་ཀྱི་རིག་གནས་ཀྱི་འབྱུང་ཁུངས་གལ་ཆེན་ཡིན་པའི་གཞིས་རྩེར་ལོ་ངོ་སྟོང་ཕྲག་མང་པོའི་ནང་ལས་ལ་བརྩོན་ཞིང་བློ་གྲོས་ལྡན་པའི་གཞིས་རྩེ་བས་རྒྱ་ཆེ་ཞིང་གཏིང་ཟབ་པའི་ངོ་མཚར་རིག་གནས་གཏོད་ཡོད།
གཞིས་རྩེ་གྲོང་ཁྱེར་རིག་གནས་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཐའོ་མིང་ཅུན་གྱིས། གཞིས་རྩེ་གྲོང་ཁྱེར་ལ་རྒྱལ་ཡོངས་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་2དང་། ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་རྡལ་1 ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་ཁྲོམ་གཞུང་1 རིག་དངོས་གནས་ཡུལ་1000ལྷག་ཙམ། རྒྱལ་ཁབ་རིམ་པའི་རིག་དངོས་སྲུང་སྐྱོབ་ཚན་པ་10 རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་ཚུད་པའི་རིག་དངོས་གནས་ཡུལ་17རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་11རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ལག་རྒྱུན་རྒྱུན་གནས་སྲུང་སྐྱོབ་དཔེ་སྟོན་རྟེན་གཞི་1བཅས་ཡོད་ཅེས་ངོ་སྤྲོད་བྱས།
ད་དུང་གྲོང་ཁྱེར་དེ་ཡོངས་ལ་ཆེད་ལས་རིག་རྩལ་ཚོགས་པ་1དང་། མང་ཚོགས་སྒྱུ་རྩལ་ཁང་1 རྫོང(ཆུས)གི་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་18 ལས་ཞོར་རིག་རྩལ་འཁྲབ་སྟོན་རུ་ཁག་225 ལྷ་མོའི་རུ་ཁག་88དམངས་ཁྲོད་སྒྱུ་རྩལ་གྱི་ཁྱད་ཆོས་ལྡན་པའི་ཤང་11 རིག་གནས་སྒྱུ་རྩལ་གྱི་ཤང་9བཅས་ཡོད།
འགྲོ་ཤེས་ཙམ་ནས་བྲོ་འཁྲབ་ཤེས་ཤིང་། སྐད་ཆ་ཤོད་ཤེས་ཙམ་ནས་གླུ་ལེན་ཤེས་པ་ཞེས་པ་ནི་གཞིས་རྩེ་བ་རྣམས་གླུ་དང་གར་ལ་ཧ་ཅང་མཁས་པོ་ཡོད་པའི་རྟགས་མཚན་ཡིན། དེ་ལྟའི་ཁྱད་ཆོས་ལྡན་པའི་དབང་གིས་གཞིས་རྩེའི་མི་དམངས་ཀྱིས་གསར་གཏོད་བྱས་པའི་སྒྱུ་རྩལ་ཐད་ངམ་རིང་གི་ཅུང་པ་ལྷ་མོ་དང་། རིན་སྤུངས་ཀྱི་རྒྱལ་མཁར་ལྷ་མོ། རྣམ་གླིང་གི་ཤངས་པ་ལྷ་མོ། ལྷ་རྩེའི་སྟོད་གཞས། ས་དགའི་རྒྱ་གཞས། སྐྱིད་གྲོང་གི་དུང་རྒྱག་ལ། རྒྱལ་རྩེའི་ཁ་གདན། ལྕང་ལོ་ཁང་གསར་རྟགས་ཅན་གྱི་ནས་ཆང་སྙོལ་སྟངས་དང་གཞིས་རྩེའི“བང་ཕིག”བཟོ་རྩལ་སོགས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་དམངས་ཁྲོད་སྒྱུ་རྩལ་དང་གཡོས་སྦྱོར་བྱེད་སྟངས་ནམ་མཁའི་སྐར་ཚོགས་བཞིན་མང་བ་རྣམས་ད་ལྟ་སྤྱོད་མུས་ཀྱི་གཞིས་རྩེའི་རིག་གནས་སུ་གྱུར་ཡོད།
རིག་རྩལ་གྱི་སྤུས་ལེགས་བརྩམས་ཆོས་མང་པོ་ཐོན་པ།
《ཇོ་མོ་གླང་མའི་འཇའ་ཚོན》དང་། 《རྒྱལ་རྩེའི་བག་ཆགས》 《ཧི་མ་ལ་ཡའི་ཉམས་འགྱུར》 《བཀྲ་ཤིས་བསྟོད་གླུ》སོགས་རིག་རྩལ་གྱི་སྤུས་ལེགས་བརྩམས་ཆོས་དེ་དག་གིས་གཞིས་རྩེའི་དུས་རབས་ཀྱི་སྙིང་སྟོབས་དང་མི་རིགས་ས་ཁོངས་ཀྱི་ཁྱད་ཆོས་མངོན་ཡོད།
《དཔྱིད་ཀྱི་སྙན་དབྱངས》ཞེས་པའི་སྒྲ་སྙན་ཞབས་བྲོས་2007ལོའི་དཔྱིད་གསར་དུས་ཆེན་གྱི་མཚན་ཚོགས་ཐོག་སྐད་གྲགས་བཞག་ཡོད། 《གླུ་ལེན་གར་འཁྲབ》དང《རྒྱུད་སྐུད་ཀྱི་ལས་འཕྲོ》 《ཁྲ་ཆུང་ལགས》སོགས་ཞབས་བྲོ་དང《བདེ་སྐྱིད་ཀྱི་ལམ་བུ》དང《ཇོ་མོ་གླང་མའི་ཕ་ཡུལ》ཞེས་པ་སོགས་གླུ་གཞས་ཀྱི་སྤུས་ལེགས་བརྩམས་ཆོས་མང་པོ་དེ་དག་གིས་མི་རྣམས་ལ་གཞིས་རྩེའི་བག་ཆགས་ཟབ་མོ་ཞིག་བཞག་ཡོད། གཞིས་རྩེ་གྲོང་ཁྱེར་རིག་གནས་ཅུས་ཀྱི་ཅུས་ཀྲང་དབང་འདུས་ཀྱིས་2010ལོ་ནས་བཟུང་གཞིས་རྩེ་གྲོང་ཁྱེར་གྱིས་རིག་རྩལ་ལས་ལ་གཞོལ་མཁན་སྒྲིག་འཛུགས་བྱས་ནས་ཞབས་བྲོ་དང་། གླུ་གཞས། གཏམ་བརྗོད་སོགས་རིག་རྩལ་ལེ་ཚན་100ལྷག་ཙམ་གསར་རྩོམ་བྱས་ཡོད་ཅེས་ངོ་སྤྲོད་བྱས།
ཉེ་བའི་ལོ་ཤས་རིང་། གཞིས་རྩེས་གྲོང་ཁྱེར་དེ་ཡོངས་ཀྱི་རིག་རྩལ་ཚོགས་པ་རང་སྐྱོང་ལྗོངས་ཀྱི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་གྱི་བྱེད་སྒོ་དང་། ལྗོངས་ཡོངས་ཀྱི“བདུད་རྩི་བུམ་པའི”གཞས་མ་གཏམ་གྱི་འགྲན་བསྡུར་སྐབས་དང་པོ། ལྗོངས་ཡོངས་ཀྱི་བརྙན་འཕྲིན་ཞབས་བྲོའི་འགྲན་བསྡུར་ཆེ་མོ་སྐབས་གཉིས་པ། རིག་གནས་པུའི“སྤྱན་སྦིར་མང་པོའི་བྱ་དགའི”འགྲན་བསྡུར་ཆེ་མོ། ཧྲང་ཧའེ་དངོས་མང་སྟོན་ཚོགས་ཀྱི་བོད་ཀྱི་འགྲེམས་ཁང་གི་འཁྲབ་སྟོན། 2014ལོའི“ཨའོ་མོན་གྱི་དཔྱིད་གསར་དུས་ཆེན་གཏོང་སྲོལ”གྱི་འགྲེམས་འཁྲབ། “ཅི་ལིན་དང་བོད་ཀྱི་རིག་གནས་སྤེལ་རེས”ཀྱི་བྱེད་སྒོ འཛམ་གླིང་རིག་གནས་དངོས་མང་སྟོན་ཚོགས་སྐབས་བཅུ་གཅིག་པ། རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་པ་སོགས་ནང་ཞུགས་པ་དང“ཀྲུང་གོའི་ཕུགས་འདུན·བོད་སྐྱོར་གྱི་བརྩེ་བ”ཞེས་པའི་བོད་སྐྱོར་བྱས་ནས་ལོ་ངོ་20འཁོར་བའི་བརྗོད་དོན་གཙོ་བོའི་རིག་རྩལ་མཚན་ཚོགས་དང་དེ་བཞིན་ལོ་ལྟར་གྱི“3·28”བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་རྟེན་འབྲེལ་ཞུ་བའི་མང་ཚོགས་ཀྱི་རིག་རྩལ་འཁྲབ་སྟོན་ནང་ཞུགས་པ་མ་ཟད། སྐབས་རིམ་བྱུང་གི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་འགོ་ཚུགས་མཛད་སྒོ་དང་དེ་བཞིན་རིག་རྩལ་འཁྲབ་སྟོན་སྣ་ཚོགས་ནང་ཞུགས་ཡོད།
རིག་གནས་ཐོན་ལས་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བ།
“《རྒྱལ་རྩེའི་བག་ཆགས》བལྟས་རྗེས་རྒྱལ་རྩེའི་རིག་གནས་ལ་མྱོང་ཚོར་གཏིང་ཟབ་བྱུང་ལ་གཞིས་རྩེར་ངོ་མཚར་བའི་ལོ་རྒྱུས་སྙན་ངག་ཆེ་མོ་འདི་འདྲ་ཞིག་ཡོད་པ་བསམ་པའི་ཡུལ་ལའང་འཁོར་མ་བྱུང”ཞེས་དངོས་ལྗོངས་ལོ་རྒྱུས་སྙན་ངག་འཁྲབ་གཞུང《རྒྱལ་རྩེའི་བག་ཆགས》བལྟ་མྱོང་བའི་མཁྱེན་ལྡན་མ་ཞུས་ལགས་ཀྱིས་གསར་འགོད་པར་དེ་ལྟར་བཤད་བྱུང་།
“《རྒྱལ་རྩེའི་བག་ཆགས》ནི་ང་ཚོས་རིག་གནས་ཁྲོམ་རར་གཞི་འཛུགས་པ་དང་རིག་གནས་ཐོན་ལས་ལ་སྐུལ་མ་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན”ཞེས་གྲོང་ཁྱེར་རིག་གནས་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཐའོ་མིང་ཅུན་གྱི་དེ་ལྟར་ངོ་སྤྲོད་བྱས་ཤིང་། ཁོང་གིས་ཉེ་བའི་ལོའི་ནང་། གཞིས་རྩེས་རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན་དང་རིག་གནས་ཀྱི་གཞི་རྒྱུ་བསྡུ་སྒྲིལ་བརྒྱུད་རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་རྒྱུན་མི་ཆད་པར་བཙལ་བས་གྲོང་ཁྱེར་དེ་ཡོངས་ཀྱི་རིག་གནས་ཐོན་ལས་ཀྱི་གཞི་ཁྱོན་རྒྱུན་མི་ཆད་པར་སྟོབས་ཆེ་དང་ཐོན་ལས་ཀྱི་རྣམ་པ་རགས་ཙམ་ཆགས་ནས་ཐོན་ཟོག་གི་ནང་དོན་ཕུན་སུམ་ཚོགས་སུ་དང་སྤུས་རྟགས་ཀྱི་ཤུགས་རྐྱེན་ཆེ་རུ་སོང་བའི་རྣམ་པ་ཞིག་ཐོན་ཡོད་ཅེས་བཤད།
གསར་འགོད་པར་ཤེས་རྟོགས་བྱུང་བ་ནི་གཞིས་རྩེའི《རྒྱལ་རྩེའི་བག་ཆགས》དང《བཀྲ་ཤིས་གཞིས་རྩེ》ཡིས་གཙོས་པའི་འཁྲབ་སྟོན་ལེ་ཚན་འཁྲབ་ནས་ཁྲོམ་རར་འཁོར་རྒྱུག་ཚོད་ལྟ་བྱས་པ་མ་ཟད། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་གཉིས་ཀ་ཐོན་པ་དང་བཞད་མཐོང་སྨོན་རྫོང་གི་ནས་ཁང་ཀོ་ཆས་བཟོ་གྲྭ་དང་པ་སྣམ་གྱི་དགའ་སྡོང་གྲོང་རྡལ་གྱི་དར་རྒྱས་སྲོལ་རྒྱུན་གྱོན་ཆས་འཚེམ་བཟོའི་ཞིང་པའི་ཆེད་ལས་མཉམ་ལས་ཁང་གིས་གཙོ་བོར་བྱས་པའི་མི་རིགས་ལག་ཤེས་ཁེ་ལས་ཀྱིས་སྲོལ་རྒྱུན་གྱི་འཚེམ་བཟོ་བྱེད་སྟངས་རྒྱུན་འཛིན་གྱི་རྨང་གཞིའི་ཐོག་དེང་རབས་ཀྱི་མཛེས་དཔྱོད་ལྟ་བ་དང་བཟོ་རྩལ་བསྡུས་པས་ཐོན་ཟོག་གི་འགྲན་རྩོད་ནུས་པ་ཆེས་ཆེར་མཐོ་རུ་སོང་ནས་གཞིས་རྩེའི་གཟུགས་བརྙན་གསར་པའི་དཔེ་མཚོན་དུ་གྱུར་ཡོད་པ་རེད།