དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • རོང་ས་དམར་པོར་མཉམ་འཛོམས་བྱས་ནས་ལེའུ་གསར་པ་ཐུན་མོང་ཐོག་གཏོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-08-20

    རྒྱལ་རྩེ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྱབ་བསྒྲགས་བྱས་པའི་ཁག་གསུམ་པའི་ལོ་རྒྱུས་རིག་གནས་གནའ་གྲོང་གྲས་ཤིག་ཡིན་པ་དང་། དེའི་ཁོངས་གཏོགས་ཁུལ་ནང་དཔལ་འཁོར་དགོན་པ་དང་། ཕ་ལྷ་གཞིས་ཀ། རྫོང་རིའི་དབྱིན་འགོག་གནའ་ཤུལ་བཅས་རྒྱལ་ཁབ་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་གསུམ་དང་དེ་བཞིན་མཁའ་རེག་ལ་འཁྱགས་རོམ་དང་། དཔལ་འཁོར་དགོན། རྩེ་ཆེན་འདམ་རའི་སྤྱི་གླིང་སོགས་ཕུན་སུམ་ཚོགས་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཡུལ་སྐོར་ཐོན་ཁུངས་ཡོད། 2014ལོར“གངས་ལྗོངས་གནའ་རྫོང་གི་མཛེས་ཉམས”ཞེས་བརྗོད་སྲོལ་ཡོད་པའི་རྐྱེན་གྱིས་ཀྲུང་གོའི་གྲོང་ཁྱེར་འགྲན་ནུས་ཞིབ་འཇུག་ཚོགས་འདུའི་ཐོག“ཀྲུང་གོའི་རྫོང་གྲོང་མཛེས་ཤོས”སུ་བདམས་པ་རེད།

    ཉིན་ཤས་གོང“‘རྒྱུད་གཅིག་ལམ་གཅིག’རྒྱབ་ལྗོངས་འོག་གི་རྒྱལ་རྩེའི་ཡུལ་སྐོར་རིག་གནས་འཕེལ་རྒྱས”ཀྱིས་བརྗོད་བྱ་གཙོ་བོ་བྱས་པའི་རོང་ས་དམར་པོའི་རིག་གནས་ཡུལ་སྐོར་འཕེལ་རྒྱས་གླེང་སྟེགས་སྐབས་དང་པོ་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་དུ་འཚོགས་པ་རེད།

    གླེང་སྟེགས་དེའི་ནང་རིག་གནས་ལས་རིགས་དང་། ཡུལ་སྐོར་ལས་རིགས། པར་ལེན་ལས་རིགས། དཔལ་འབྱོར་ལས་རིགས་སོགས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་11གདན་ཞུ་བྱས་ཏེ་དུས་བབ་གསར་པའི་འོག་རྒྱལ་རྩེའི་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་དང་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་སོགས་ཀྱི་གནད་དོན་ལ་ཐུན་མོང་ཐོག་དཔྱད་བསྡུར་བྱས་པས་ཚང་མར་རྒྱལ་རྩེ་རྫོང་འདི་ཉིད“ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་རྡལ”དུ་བསྐྲུན་རྒྱུར་ཡིད་ཆེས་ཆེན་པོ་ཡོད་པ་རེད།

    མིག་སྔར། རྒྱལ་རྩེར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྒྱལ་རྩེའི་ཁ་གདན་དང་། མདའ་དམག་དུས་ཆེན། གཙང་ཁ་ཤང་གི་སྣམ་ལས། “ས་མཐོའི་རྫ་བཟོའི་གནས་ཡུལ”ཞེས་བརྗོད་པའི་མཁར་སྨད་ཀྱི་རྫ་བཟོ། འབྲོང་རྩེ་ཤང་གི“རྟ་མགོ་མི་མགོ”བྱིའུ་སྒང་པའི་ལུགས་ཀྱི་ཐང་ག་འཕྲེང་རིང་ཤང་གི“འོང་སྐོར”སོགས་མངོན་མིན་རིག་གནས་ཤུལ་བཞག་30ལྷག་ཙམ་ཡོད། དེས་ཀྲུང་གོའི་དམངས་སྲོལ་པར་རྒྱག་མཁས་ཅན་མཐུན་ཚོགས་ཀྱི་ཝུའུ་ཧྲེ་ཡུན་ལ་བརྗེད་པར་དཀའ་བ་ཞིག་བྱུང་ཞིང་། ཁོང་གིས“རྒྱལ་རྩེའི་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། པར་རྒྱག་མཁས་ཅན་ཞིག་གི་ངོས་ནས་བརྗོད་ན། དགའ་ཤོས་ཀྱི་བྱ་བ་ནི་གྲོང་ཚོའི་དམངས་སྲོལ་མྱོང་རོལ་བྱེད་སྒོའི་ནང་ཞུགས་ནས་ལག་ནང་གི་པར་ཆས་ཀྱིས་དེ་བས་ལེགས་པའི་རྒྱལ་རྩེའི་མཛེས་ཉམས་པར་ལེན་བྱ་རྒྱུ་དེ་ཡིན”ཞེས་བཤད།

    ད་ཕན་ལོ་ཤས་རིང་། དཔལ་འབྱོར་འཕེལ་རྒྱས་ཀྱི་ཀ་རྟེན་ཐོན་ལས་ཡིན་པའི་སྲོལ་རྒྱུན་གྱི་ཞིང་ལས་དང་གསར་དར་ཡུལ་སྐོར་ལས་རིགས་དེ་གཉིས་པོར་དམིགས་ཏེ། རྒྱལ་རྩེ་རྫོང་གིས“རིག་གནས་དང་ཡུལ་སྐོར་ལ་བརྟེན་ནས་རྫོང་ཕྱུག་ཏུ་གཏོང་བའི”འཕེལ་རྒྱས་ཀྱི་བསམ་ཕྱོགས་དང་འཐབ་ཇུས་དམིགས་ཚད་བཏོན་ཡོད།

    “སྲོལ་རྒྱུན་རིག་གནས་སླར་གསོ་བྱུང་བ་དང་བསྟུན་ནས། དམངས་སྲོལ་རིག་གནས་ཀྱིས་གཙོ་བོ་བྱེད་པའི་མངོན་མིན་རིག་གནས་ཤུལ་བཞག་དེ་ཟུར་བསྣན་རིན་ཐང་ཧ་ཅང་མཐོ་བའི་ཡུལ་སྐོར་ཐོན་ཁུངས་སུ་གྱུར་ཡོད། ང་ཚོས་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རང་བྱུང་ཁོར་ཡུག་སྲུང་སྐྱོང་ལ་ཆེས་ཆེར་ཤུགས་སྣོན་བརྒྱབ་སྟེ་རྒྱལ་རྩེའི་ཕུན་སུམ་ཚོགས་ལ་ངོ་མཚར་ཆེ་བའི་རིག་གནས་ཡུལ་སྐོར་ཐོན་ཁུངས་གང་ལེགས་སྤྱད་ནས་མྱོང་རོལ་ཅན་དང་། སྣོད་བཅུད་ཅན། མཛའ་གྲོགས་ཅན། ཞི་མཐུན་ཅན་བཅས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་མ་ལག་ཅིག་འཛུགས་རྒྱུ་ཡིན”ཞེས་རྒྱལ་རྩེ་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཝང་ཀའོ་ཨན་གྱིས་ངོ་སྤྲོད་བྱས།

    “རྒྱལ་རྩེ་ནི་བོད་ཀྱི་ལོ་རྒྱུས་ཐོག་དཔལ་འབྱོར་དང་རིག་གནས་ཀྱི་གཙོ་གནད་གྲོང་རྡལ་ཞིག་ཡིན། བྱང་གཞིས་རྩེ་དང་། ཤར་ལྷ་ས། ལྷོ་གྲོ་མོ་བཅས་དང་འབྲེལ་ནས་འགྲིམ་འགྲུལ་གྱི་ལྟེ་བའི་ཁུལ་དུ་གནས་པས་བོད་ཀྱིས‘རྒྱུད་གཅིག་ལམ་གཅིག’འཛུགས་སྐྲུན་གྱི་འཐབ་ཇུས་གཙོ་བོ་དང་སྦྲེལ་མཐུད་བྱེད་པའི་ཐད་གལ་ཆེའི་གནས་བབ་བཟུང་ཡོད། གོ་སྐབས་གསར་པ་དང་སྲིད་ཇུས་གསར་པའི་འོག་དང་བོད་འདི་ཉིད་འཛམ་གླིང་ཡུལ་སྐོར་གྱི་དམིགས་ས་དང་ཧི་མ་ལ་ཡར་སྐོར་བའི་དཔལ་འབྱོར་ཁུལ་འཛུགས་སྐྲུན་ཁྲོད། རྒྱལ་རྩེས་ལོ་རྒྱུས་ཀྱི་རིག་གནས་ཐོན་ཁུངས་སྔར་བས་སྔོག་འདོན་བྱས་ཏེ་རིག་གནས་ལ་བརྟེན་ནས་ཡུལ་སྐོར་འཕེལ་རྒྱས་གཏོང་དགོས། དེ་དང་དུས་མཚུངས། རྨོ་ཞིང་རིག་གནས་དང་། གསར་བརྗེའི་རིག་གནས། སྣོད་བཅུད་རིག་གནས། ལོ་རྒྱུས་དང་ཆོས་ལུགས་རིག་གནས་བཅས་སྔོག་འདོན་བྱེད་པའི་རྨང་གཞིའི་ཐོག་རྒྱལ་རྩེ་དང་མཐའ་མཚམས་རྫོང་ཁོངས་ཀྱི་ཡུལ་སྐོར་ལམ་ཐིག་གཏོད་དགོས”ཞེས་བོད་ལྗོངས་སློབ་ཆེན་དཔལ་འབྱོར་རིག་གནས་ཞིབ་འཇུག་ལྟེ་གནས་ཀྱི་ལས་རོགས་ཞིབ་འཇུག་པ་ཞུས་ཉིང་གིས་བཤད།

    “ང་ཚོས་རིག་གནས་ཡུལ་སྐོར་ཐོན་ཁུངས་ལུགས་མཐུན་ངང་གསར་སྤེལ་བྱེད་པའི་བརྒྱུད་རིམ་ནང་། རྫོང་རིའི་མཁར་རྫོང་དང་ལྕགས་རི་རྒྱབ་ཀྱི་ཁྲོམ་གཞུང་རྙིང་པར་གཞི་ཚུགས་ནས་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་རྡལ་ཧུར་ཐག་བསྐྲུན་པ་དང་། བོད་ཀྱི་ས་གཞི་དེའི་ཐོག་ལས་མེད་པའི‘རྒྱལ་རྩེའི་ཤུལ’རང་སོར་འཇོག་པ། ཐོན་ཁུངས་ལེགས་ཆ་དེ་དཔལ་འབྱོར་ལེགས་ཆར་སྒྱུར་ནས་ས་གནས་དེ་གའི་མང་ཚོགས་ལ་ཕན་པ་ཏན་ཏིག་བསྐྲུན་རྒྱུ་ཡིན། རྒྱལ་རྩེ་རྫོང་གི་རིག་གནས་ཡུལ་སྐོར་འཕེལ་རྒྱས་སྔར་བཞིན་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱེད་བཞིན་ཡོད། རྫོང་དེ་ཡོངས་ཀྱིས་སྲོལ་རྒྱུན་གྱི་གནའ་བོའི་ལོ་རྒྱུས་ཤེས་དཔལ་རྒྱུན་འཛིན་བྱེད་པའི་རྨང་གཞིའི་ཐོག་དམིགས་བསལ་གྱི་ཐོན་ཁུངས་ལེགས་ཆར་བརྟེན་ནས་འཛམ་གླིང་དཔལ་འབྱོར་གྱི་རྗེས་སུ་འབྲངས་ཏེ་རང་སྐྱོང་ལྗོངས་ཀྱིས‘རྒྱུད་གཅིག་ལམ་གཅིག’གི་དཔལ་འབྱོར་ཁུལ་གཏོད་པའི་ལམ་བུའི་ཐོག་ནུས་པ་འདོན་རྒྱུ་ཡིན”ཞེས་རྒྱལ་རྩེ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དབྱང་ཅུན་གྱིས་དེ་ལྟར་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།