དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཡིད་དབང་འཕྲོག་པའི་མཚོ་མོ། ཡུལ་སྐོར་བ་ཡི་གནས་མཆོག

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-08-17

    ཀོང་པོ་རྒྱ་མདའ་རྫོང་ནས་བར་ཐག་སྤྱི་ལེ་50ལྷག་ཙམ་གྱི་མཚམས་སུ་བྲག་གསུམ་མཚོ་ཞེས་པའི་རང་བྱུང་མཚོ་ཞིག་ཡོད་ཅིང་། ས་བབ་མཐོ་ཚད་སྨི་3700ཡོད་པའི་མཚོ་དེ་ནི་བོད་ཤར་ལྷོའི་རྒྱུད་ཀྱི་རང་བྱུང་མཚོ་ཆེ་ཤོས་ཤིག་རེད།

    1994ལོར་བྲག་གསུམ་མཚོ་རྒྱལ་ཁབ་ཀྱི་མཛེས་ལྗོངས་གྲགས་ཅན་ལ་བདམས་པ་དང་། འཛམ་གླིང་ཡུལ་སྐོར་རྩ་འཛུགས་ཀྱིས་འཛམ་གླིང་ཡུལ་སྐོར་མཛེས་ལྗོངས་ཁུལ(ས་ཚིགས)གྱི་གྲས་སུ་བཅུག་པ། 2000ལོར་རྒྱལ་ཁབ་ཀྱི་A4རིམ་པའི་མཛེས་ལྗོངས་ཁུལ་དུ་བདམས་པ། 2001ལོར་རྒྱལ་ཁབ་ནགས་ལས་པུའུ་ཡིས་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་ཞེས་པའི་མིང་བཏགས་ཡོད་པ་རེད། 2014ལོར་བྲག་གསུམ་མཚོ་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱིས་རྒྱལ་ཁབ་ཀྱི་A5རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་གཏོད་པའི་ལས་དོན་དེ་ཉིན་རེའི་གྲོས་རིམ་ནང་དངོས་སུ་བཅུག་པ་རེད།

    བྲག་གསུམ་མཚོ་མཛེས་ལྗོངས་ཁུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་ལེང་ཚེ་རུའུ་ཡིས་འདི་ལོ་ཤར་ཚུན་མཛེས་ལྗོངས་ཁུལ་གྱིས་ཡུལ་སྐོར་མཛེས་ལྗོངས་ཁུལ་སྤུས་དག་ཏུ་གཏོང་བའི་ཚོད་ལྟའི་ལས་དོན་དང་ཡུལ་སྐོར་ཞབས་ཞུ་ཚད་ལྡན་དུ་གཏོང་བའི་ལོའི་བྱེད་སྒོའི་སྐོར་གྱི་རང་སྐྱོང་ལྗོངས་ཀྱི་མཛུབ་སྟོན་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ་དང་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་སྤུས་དག་ཏུ་གཏོང་བའི་སྐོར་གྱི“ཚོད་ལྟ་སྔོན་ལ་བྱེད་དགོས་པ་དང་། རིམ་བཞིན་སྐུལ་འདེད་གཏོང་དགོས་པ། ཚད་གཞི་ནན་དུ་གཏོང་དགོས་པ། སྤུས་ཀ་དག་ཏུ་གཏོང་དགོས་པ”བཅས་ཀྱི་ཚད་གཞི་དང་བླང་བྱར་ནན་གྱིས་གཞིགས་ནས་མཛེས་ལྗོངས་ཁུལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་འཆར་འགོད་འཛུགས་སྐྲུན་ཇུས་གཞི་བཀོད་པ་དང་། མཛེས་ལྗོངས་ཁུལ་གྱི“ཤར་བགྲོད་ལྔ་དང་ཡོད་པ་གཉིས”ཀྱི་ལས་གྲྭ་སྟོབས་ཤུགས་གཅིག་སྡུད་ཀྱིས་ལག་ལེན་བསྟར་བ། མཛེས་ལྗོངས་ཁུལ་གྱི་གོམ་བགྲོད་ལམ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་པ། མཛེས་ལྗོངས་ཁུལ་གྱི་ཁྲིད་སྟོན་མཚོན་རྟགས་འཐུས་ཚང་དུ་བཏང་བ་མ་ཟད། ད་དུང་ཡུལ་སྐོར་མཛེས་ལྗོངས་ཁུལ་འཕེལ་རྒྱས་ཀྱི་འདུ་ཤེས་དང་། གསར་སྤེལ་འཛུགས་སྐྲུན། རིག་གནས་ཀྱི་བསྟན་དོན། ཞབས་ཞུའི་སྤུས་ཚད། ཁོར་ཡུག་གི་རྣམ་པ། ཁྲོམ་རའི་བྲིན་ཚོང་བཅས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་རྒྱུར་སྐུལ་འདེད་བཏང་ནས་མཛེས་ལྗོངས་ཁུལ་གྱི་སྣོད་བཅུད་ཁོར་ཡུག་དེ་བས་མཛེས་པ་དང་། རིག་གནས་ཀྱི་ཁྱད་ཆོས་དེ་བས་མངོན་གསལ་དོད་པ། ཞབས་ཞུའི་སྤུས་ཚད་དེ་བས་མཐོ་བ། ཕྱོགས་བསྡུས་ཕན་འབྲས་དེ་བས་ཆེ་བ། ཁྲོམ་རའི་འགྲན་རྩོད་ཀྱི་ནུས་པ་དེ་བས་ཆེ་བ་བཅས་ཀྱི་མཛེས་ལྗོངས་ཁུལ་སྤུས་དག་ཏུ་གཏོང་བའི་ཚད་ལྟའི་ལས་དོན་གྱི་དམིགས་ཚད་ཁག་མངོན་འགྱུར་ཡོང་བའི་འགན་ལེན་བྱས་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།

    བྲག་གསུམ་མཚོའི་མཛེས་ལྗོངས་ཁུལ་གྱིས་ཁོར་ཡུག་བཅོས་སྒྲིག་ལས་དོན་སྤེལ་རིང་སྤུས་དག་དང་ཚད་ལྡན་དུ་གཏོང་བ་སོགས་ཀྱི་ལས་དོན་དང་ཟུང་འབྲེལ་གྱིས་མཉམ་དུ་བཀོད་སྒྲིག་དང་། མཉམ་དུ་ལག་བསྟར། མཉམ་དུ་སྐུལ་སྤེལ་བཅས་བྱས་པ་མ་ཟད། ད་དུང་མཛེས་ལྗོངས་ཁུལ་གྱི་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་གི་ལས་དོན་ཕྱོགས་ཡོངས་ལ་ཁྱབ་ཐུབ་པ་དང་། ཁུག་གསང་གཅིག་ཀྱང་མི་ལུས་པ་བྱས་པར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད། འདི་ལོའི་ལོ་སྟོད་དུ་མཛེས་ལྗོངས་ཁུལ་གྱིས་ཁྱོན་ཡུལ་སྐོར་བ་མི་ཐེངས་ཁྲི་10.3ལ་སྣེ་ལེན་ཞུས་ཡོད་ཅེས་ལེང་ཚེ་རུའུ་ཡིས་བཤད་བྱུང་།

    གསར་འགོད་པར་ཤེས་རྟོགས་བྱུང་བར་དེ་སྔོན་མཚོའི་དབུས་སུ་ཡོད་པའི་གླིང་ཕྲན་དུ་གསང་སྤྱོད་གཅིག་ལས་མེད། དེས་ན་མཚོ་ལ་བཙོག་སྐྱོན་མི་ཕོག་པ་བྱ་ཆེད། ལོ་གཉིས་ཀྱི་གོང་དུ་མཛེས་ལྗོངས་ཁུལ་གྱི་ཕྱི་རོལ་དུ་ཚད་གཞི་མཐོ་བའི་གསང་སྤྱོད་ཞིག་བསྐྲུན་ནས་ཡུལ་སྐོར་བར་སྟབས་བདེ་བསྐྲུན་པ་དང་ཆབས་ཅིག་འཚོ་བའི་བཙོག་ཆུ་ཡང་གཅིག་སྡུད་ཐོག་དབོར་འདྲེན་བྱེད་བཞིན་ཡོད།

    ཧུའུ་ནན་གྱི་ཡུལ་སྐོར་བ་ལི་ལགས་ཀྱིས་ལོ་ལྔའི་གོང་དུ་ང་བྲག་གསུམ་མཚོར་ཐེངས་གཅིག་ཡོང་མྱོང་ཡོད། ད་རེས་ཐེངས་གཉིས་པ་ཡིན། བོད་དུ་ཡུལ་སྐོར་དུ་ཡོང་ན་ངེས་པར་དུ་བྲག་གསུམ་མཚོར་ཐེངས་གཅིག་ཡོང་གི་ཡོད། བསམ་ཡུལ་ལས་འདས་པར་ད་ལྟ་འགྲོ་ལམ་གྱི་ཆ་རྐྱེན་ཇེ་ལེགས་སུ་སོང་འདུག་ལ“དབེན་པའི་སྐྱིད་ཚལ”ཞེས་འབོད་པའི་གནས་དེར་སྐྱོད་ལམ་ཡང་བདེ་རུ་སོང་འདུག་ཅེས་བཤད་བྱུང་།

    ཤེས་རྟོགས་བྱུང་བར་གཞིགས་ན། བྲག་གསུམ་མཚོའི་མཛེས་ལྗོངས་ཁུལ་སྤུས་དག་ཏུ་གཏོང་བའི་ཚོད་ལྟའི་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད། ཉིང་ཁྲི་གྲོང་ཁྱེར་ཡུལ་སྐོར་ཅུས་ཀྱིས་བྲག་གསུམ་མཚོ་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་གྱིས་བརྟག་ཞིབ་གང་ལེགས་བྱས་རྗེས《བྲག་གསུམ་མཚོ་ཡུལ་སྐོར་མཛེས་ལྗོངས་ཁུལ་སྤུས་དག་ཅན་དུ་གཏོང་བའི་ཚོད་ལྟའི་ལས་དོན་སྐོར་གྱི་ལག་བསྟར་ཇུས་གཞི》བཀོད་པ་དང་སྦྲགས“ཚོད་ལྟ་སྔོན་ལ་བྱེད་དགོས་པ་དང་། རིམ་བཞིན་སྐུལ་འདེད་གཏོང་དགོས་པ། ཚད་གཞི་ནན་དུ་གཏོང་དགོས་པ། སྤུས་ཀ་དག་ཏུ་གཏོང་དགོས་པ”བཅས་ཀྱི་བླང་བྱ་གཞིར་བཟུང་ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི“ཁྱད་ལྡན་དང་། རྩེར་སོན། སྤུས་ཚད། ཕན་འབྲས། ལེགས་བསྡུས་ཅན”བཅས་ཀྱི་སྤུས་དག་ཏུ་གཏོང་བའི་དམིགས་ཡུལ་འབུར་དུ་ཐོན་པ་བྱས་ཏེ་བྲག་གསུམ་མཚོ་མཛེས་ལྗོངས་ཁུལ་རྒྱུད་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་དང་། མཛེས་ལྗོངས་ཁུལ་མཚོ་ཨ་མའི་མཚོ་རགས་ལེགས་བཅོས། མཚོ་སྐོར་གོམ་བགྲོད་ལམ་འཛུགས་སྐྲུན། ཡུལ་སྐོར་ལྟེ་གནས་ཀྱི་མཁྲེགས་ཆས་དང་གཉེན་ཆས་བསྒྱུར་བཀོད་སོགས་ཀྱི་ལས་དོན་སྤེལ་རྒྱུར་གཙོ་གནད་ཐོག་ཤུགས་སྣོན་བརྒྱབ་པས་མཛེས་ལྗོངས་ཁུལ་གྱི་འཕེལ་རྒྱས་ཀྱི་འདུ་ཤེས་དང་། གསར་སྤེལ་འཛུགས་སྐྲུན། རིག་གནས་ཀྱི་བསྟན་དོན། ཞབས་ཞུའི་སྤུས་ཚད། ཁོར་ཡུག་གི་རྣམ་པ། ཁྲོམ་རའི་བྲིན་ཚོང་བཅས་ཀྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་སོང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།