དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ཀྱི་དུས་ཆེན་བསྟུད་མར་འཆར་ལ་ཉེ་བས་གུང་གསེང་གི་ཡུལ་སྐོར་ཚ་རླབས་འཕྱུར་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2016-08-14

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་8ཚེས་12ཉིན་ཆེད་གཏོང་གློག་འཕྲིན་འབྱོར་གསལ། ཟླ་8པ་དང་9པ་ནི་བོད་ལྗོངས་ཀྱི་མི་རིགས་དུས་ཆེན་རབ་དང་རིམ་པ་འཆར་བ་སྟེ། ཆབ་མདོའི་གཙང་གསུམ་ཇ་རྟ་རིག་གནས་སྒྱུ་རྩལ་དུས་ཆེན་དང་། གཞིས་རྩེའི་ཇོ་མོ་གླང་མའི་རིག་གནས་དུས་ཆེན། ལྷ་སའི་ཞོ་སྟོན། ཀྲུང་གོའི་བོད་ཀྱི་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སོགས་ཡོད་པར་བརྟེན། གུང་གསེང་སྐབས་བོད་ལ་ཡུལ་སྐོར་དུ་ཡོང་བའི་ཚ་རླབས་ཀྱང་དེ་དང་ཆབས་ཅིག་རིམ་བཞིན་འཕྱུར་རྒྱུ་རེད།

    སྐབས་གཉིས་པའི་གཙང་གསུམ་ཇ་རྟ་རིག་གནས་སྒྱུ་རྩལ་དུས་ཆེན་ནི་ཚེས་19ནས་25ཉིན་བར་ཆབ་མདོར་གཉེར་རྒྱུ་རེད། སྒྱུ་རྩལ་དུས་ཆེན་རིང་ཆབ་མདོས“ལོ་ངོ་སྟོང་གི་འགྱུར་ཁུག·ལྗང་མདོག་གི་ཆབ་མདོ”ཞེས་པ་བརྗོད་བྱ་གཙོ་བོར་བྱས་ནས་རིག་རྩལ་འགྲེམས་འཁྲབ་དང་། ལུས་རྩལ་བྱེད་སྒོ། དཔལ་འབྱོར་ཉོ་ཚོང་གྲོས་མོལ། རིག་གནས་ཡུལ་སྐོར་གླེང་སྟེགས་སོགས་རིགས་ཆེ་གྲས་11གི་ཁག་34ཡི་བྱེད་སྒོ་གཉེར་རྒྱུ་རེད། གཞན་ཡང་མངོན་མིན་རིག་གནས་ཤུལ་བཞག་གི་ཐོན་རྫས་དང་ཁམས་པའི་དམིགས་བསལ་ཚོང་ཟོག་འགྲེམས་ཚོང་འདུ་ཚོགས་ཀྱང་གཉེར་རྒྱུ་རེད།

    ཇོ་མོ་གླང་མའི་ཕ་ཡུལ་གཞིས་རྩེ་གྲོང་ཁྱེར་དུ་སྐབས་བཅུ་བཞི་པའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་ནི་ཟླ་8པ་ནས་9པའི་བར་ཧྲང་ཧའེ་གྲོང་ཁྱེར་དང་མཉམ་དུ་གཉེར་རྒྱུ་རེད། གཞིས་རྩེའི་ཚོགས་ར་གཙོ་བོ་ནི་ཟླ་8ཚེས་25ཉིན་འགོ་ཚུགས་རྒྱུ་ཡིན་པ་དང་མྱོང་རོལ་རང་བཞིན་དང་སྒྱུ་རྩལ་རང་བཞིན་གྱིས་ཕྱུག་པའི་རིག་གནས་ཡུལ་སྐོར་ཁྱད་ཆོས་ཀྱི་བྱེད་སྒོ་རབ་དང་རིམ་པ་ཇུས་འགོད་བྱ་རྒྱུ་དང་། ཧྲང་ཧའེ་ཡི་བྱེད་སྒོའི་གཟའ་འཁོར་དེ་ཟླ་9ཚེས་11ཉིན་འགོ་འཛུགས་རྒྱུ་མ་ཟད“ཇོ་མོ་གླང་མའི་འགྱུར་ཁུག·ཧྲང་ཧའེ་བོད་ལྗོངས་བརྩེ་བ”ཞེས་པ་བརྗོད་བྱ་གཙོ་བོར་བྱས་ནས་གཞིས་རྩེའི་ཚོང་འགུགས་མ་འདྲེན་འདུ་ཚོགས་དང་གཙང་གི་ཡུལ་སྲོལ་དངོས་མང་སྟོན་ཚོགས་སོགས་བྱེད་སྒོ་ཁག་10གཉེར་རྒྱུ་རེད།

    འདི་ལོའི་ལྷ་སའི་ཞོ་སྟོན་ནི་ཟླ་9ཚེས་1ནས་ཚེས་9ཉིན་བར་ཡིན། དུས་ཆེན་རིང་གཟབ་རྒྱས་ཆེ་བའི་ངང་གོས་སྐུ་བཤམས་རྒྱུ་དང་། སྤྲོ་སྐྱིད་ལྡན་པའི་ལྷ་མོ་འཁྲབ་པ། ལྟ་ན་སྡུག་པའི་ཐང་ག་འགྲེམས་སྟོན་དང་དེ་བཞིན་བོད་བཟོའི་ཁྱད་ཆོས་ལྡན་པའི་ཞལ་ཟས་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་གཉེར་རྒྱུ་རེད།

    ཞོ་སྟོན་གྱི་རྗེས་སུ་སྐབས་གསུམ་པའི་ཀྲུང་གོའི་བོད་ཀྱི་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་ནི་ཟླ་9ཚེས་10ནས་ཚེས་16ཉིན་བར་ལྷ་སར་གཉེར་རྒྱུ་མ་ཟད། བོད་ལྗོངས་ཧི་མ་ལ་ཡ་པར་རྒྱག་རིག་གནས་དུས་ཆེན་དང་ཕོ་བྲང་པོ་ཏ་ལའི་དབྱིག་ནོར་ཁང་སྒོ་འབྱེད་འགྲེམས་སྟོན་སོགས་ཁག་10ཡི་བྱེད་སྒོ་ཡང་སྤེལ་རྒྱུ་རེད།

    བསྡོམས་རྩིས་ལ་གཞིགས་ན། ད་ལོའི་ལོ་སྟོད་དུ་བོད་དུ་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་687ལ་སྣེ་ལེན་ཞུས་པར་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་70ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།