ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བར་བསུ་བ་ཞུས་ནས་ཡུལ་སྐོར་བས“བོད་ལྗོངས་ཡུལ་སྐོར”མྱོང་རོལ་ཐུབ་ཆེད། ཉིན་ཤས་རིང་རང་ལྗོངས་སུ་ཡུལ་སྐོར་ཞབས་ཞུ་ཚད་ལྡན་ཅན་གྱི་འཛུགས་སྐྱོང་ལས་དོན་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པ་རེད།
ཉེ་ཆར་ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ཁྲོམ་རའི་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་ཤིང་། ཡུལ་སྐོར་ལས་དོན་ཁང་200ལྷག་ཙམ་གྱི་འཐུས་མི་དང་། ཡུལ་སྐོར་རླངས་འཁོར་ཀུང་སི་4ཡི་འགན་འཁུར་བ། ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཐོན་ལས་ཚོགས་པ། ཕོ་བྲང་པོ་ཏ་ལ་རིག་གནས་ཡུལ་སྐོར་ཚོགས་པ་ཀུང་སི་སོགས་ཁེ་ལས་ཀྱི་འཐུས་མི་ཚོགས་འདུར་ཞུགས་པ་རེད།
ཚོགས་འདུའི་ཐོག་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་བཅོས་སྒྲིག་བྱ་སྤྱོད་སྤེལ་དགོས་པའི་དོན་སྙིང་གལ་ཆེན་རྒྱས་བཤད་བྱས་ཤིང་། “འབྱུང་རྩ་ནས་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ་དང་། ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། ཆད་གཅོད་དང་བྱ་དགའ་སྤྲོད་པར་ཤུགས་སྣོན་རྒྱག་པ”སོགས་བྱས་ནས་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་བཅོས་སྒྲིག་བྱ་སྤྱོད་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ་དང་། “རིན་གོང་ཁེ་མོད། ཚད་མ་ལོན་པའི་ཡུལ་སྐོར་ཞབས་འདེགས་ཞུ་བ་དང་། ཡུལ་སྐོར་བར་མགོ་སྐོར་དང་བཙན་སྐུལ་གྱི་ཅ་ལག་ཉོ་རུ་འཇུག་པ”སོགས་ཀྱི་སྣང་ཚུལ་ལ་ཞིབ་བཤེར་ནན་པོ་བྱས་པ། ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ཁྲོམ་རའི་གཞུང་དྲང་དང་། གོ་རིམ་ལྡན་པ། ཡིད་རྟོན་རུང་བ་བཅས་ཀྱི་ལས་རིགས་གཟུགས་བརྙན་རིམ་བཞིན་བཏོད་པས་རང་ལྗོངས་ཀྱི་ཡུལ་སྐོར་ཁོར་ཡུག་འཛུགས་སྐྱོང་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཏེ་རྒྱལ་སྤྱིའི་རིག་གནས་ཡུལ་སྐོར་གྲོང་ཁྱེར་གཏོད་རྒྱུར་རྨང་གཞི་བཏིང་ཡོད།
ལྷ་ས་གྲོང་ཁྱེར་གྱི་ཡུལ་སྐོར་ཞབས་ཞུ་ཚད་ལྡན་ཅན་གྱི་འཛུགས་སྐྱོང་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད། ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཅུས་ཀྱིས་ཞིབ་ཚགས་དང་ཚད་ལྡན་ཅན་གྱི་ཞབས་འདེགས་ཞུ་རྒྱུ་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩིས་ནས་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱི《ཀྲུང་གོའི་གསོལ་མགྲོན་ཁང་གི་སྐར་རིམ་སྙན་ཞུ》དང《ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་སྤུས་ཚད་རིམ་པ་འདུན་ཞུ་ཞིབ་དཔྱད་སྙན་ཞུ》བཅས་ཀྱི་བླང་བྱ་དང་ཡུལ་སྐོར་ཁེ་ལས་ཞིབ་དཔྱད་གོ་རིམ་གཞིར་བཟུང་གསར་དུ་འདུན་ཞུ་བྱས་པའི་ནོར་གསར་གསོལ་མགྲོན་ཁང་དང་། རག་རྩི་པ་ཁྱིམ་ཚང་མགྲོན་ཁང་། ལྕགས་པོ་རིའི་སངས་རྒྱས་སྟོང་སྐུའི་མཛེས་ལྗོངས་ཁུལ་བཅས་ལ་ཞིབ་དཔྱད་བྱས་པ་རེད།
འདི་ལོ་ནི་ཡུལ་སྐོར་ཞབས་ཞུ་ཚད་ལྡན་ཅན་འཛུགས་སྐྱོང་ལོ་ཡིན་པས། ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཡུལ་སྐོར་བའི་ཁེ་དབང་སྲུང་སྐྱོབ་བྱ་ཆེད། གོམ་སྟབས་རྗེས་མར་ལྷ་ས་གྲོང་ཁྱེར་ཡུལ་སྐོར་ཅུས་ཀྱིས་ད་ཡོད་ཀྱི་སྐར་རིམ་གསོལ་མགྲོན་ཁང་དང་། མགྲོན་ཁང་། ཁྱིམ་ཚང་མགྲོན་ཁང་བཅས་ལ་བསྐྱར་ཞིབ་བྱས་ཏེ་སྤུས་ཚད་དང་ཞབས་ཞུའི་ཚད་གཞི་ཁྱོན་ཡོངས་ནས་ཁྱབ་གདལ་གཏོང་བ་དང་། ཞབས་ཞུའི་གོ་རིམ་ཚད་ལྡན་ནན་པོ་བཟོ་བ། ཞབས་ཞུའི་ཚད་གཞི་ཁག་དོན་འཁྱོལ་བྱེད་པ་བཅས་བྱས་ནས་ཞབས་ཞུའི་ཆུ་ཚད་དང་སྤྱི་ཡོངས་ཀྱི་གཟུགས་བརྙན་ཁྱོན་ཡོངས་ནས་ལེགས་སུ་གཏོང་རྒྱུ་རེད།
“ཡིད་དུ་འོང་བའི་གཞིས་ཀ”ཞེས་གྲགས་པའི་གཞིས་རྩེ་ནི་རང་ལྗོངས་ཀྱི་གྲོང་ཁྱེར་ཆེ་གྲས་གཉིས་པ་ཡིན་ཞིང་། དེའི་ཡུལ་ལྗོངས་མཛེས་ཤིང་དམངས་སྲོལ་རིག་གནས་ཁྱད་དུ་འཕགས་པས་ཡུལ་སྐོར་བ་མང་པོའི་ཡིད་དབང་འགུག་བཞིན་ཡོད། 2001ལོར་བཙུགས་པའི་གཞིས་རྩེ་གྲོང་ཁྱེར་གྱི་ཡུལ་སྐོར་གྲོང་དེ་ཡུལ་སྐོར་བ་མང་པོས་ངེས་པར་དུ་ཡུལ་སྐོར་བྱེད་ཡུལ་དུ་གྱུར་ཡོད། ཡུལ་སྐོར་གྲོང་ནང་འདོགས་ཁྱི་གསོ་ཚགས་ཁུལ་དང་། རིག་རྩལ་འཁྲབ་སྟོན་ཁུལ། ཡུལ་སྐོར་བ་ངལ་གསོ་རྒྱག་ཁུལ། ཟ་ཁང་། སྤྱི་པའི་གསང་སྤྱོད། རླངས་འཁོར་འཇོག་ས་སོགས་སྒྲིག་བཀོད་སྒྲིག་ཆས་ཆ་ཚང་པོ་ཡོད། ད་ལྟ་རྒྱུད་བཟང་འདོགས་ཁྱི་45ཡོད་པ་དེ་དག་གི་རིན་གོང་སྒོར་ཁྲི་1000ལྷག་ཙམ་ཟིན་པ་དང་ཡུལ་སྐོར་བ་མི་ཐེངས་ཁྲི་15སྣེ་ལེན་ཞུས་ཡོད།
“ཡུལ་སྐོར་གྲོང་གི་ཡུལ་སྐོར་བ་ངལ་གསོ་རྒྱག་ཁུལ་དང་གསོ་རླུང་རྔུབ་ཁུལ་དེས་ཡུལ་སྐོར་བར་སྟབས་བདེ་མང་པོ་བསྐྲུན་པ་དེ་ཐོག་ནས་མཛེས་ལྗོངས་ཁུལ་གྱི་མི་གཤིས་ཅན་གྱི་ཡུལ་སྐོར་ཞབས་ཞུ་མཚོན་ཐུབ་ཀྱི་འདུག”ཅེས་ངལ་གསོ་རྒྱག་ཁུལ་དུ་ངལ་གསོ་བཞིན་པའི་ཡུན་ནན་གྱི་ཡུལ་སྐོར་བ་ཀྲའོ་ལགས་ཀྱིས་བཤད་པ་རེད།