དུས་ཡོན་ལོ་3ཙམ་འཛུགས་སྐྲུན་བྱས་པའི་ལྷོ་ཁ་འཕྱོངས་རྒྱས་པུར་རྒྱལ་བཙན་པོའི་གནས་ཤུལ་ཡུལ་སྐོར་ཁུལ་དེ་ད་ལོའི་སྤྱི་ཟླ་8པའི་ཟླ་འགོར་སྤྱི་དམངས་ལ་སྒོ་དབྱེ་བྱེད་རྒྱུ་དང་སྦྲགས། སྐབས་དང་པོའི་ལྷོ་ཁ་འཕྱོངས་རྒྱས་པུར་རྒྱལ་བཙན་པོའི་གནས་ཤུལ་རིག་གནས་ཡུལ་སྐོར་དུས་ཆེན་ཡང་འགོ་འཛུགས་རྒྱུ་ཡིན་ཞིང་སྐབས་དེ་དུས་འཕྱོངས་རྒྱས་ཀྱི་སྐབས་དང་པོའི་པུར་རྒྱལ་བཙན་པོའི་རིག་གནས་མཐོ་རིམ་གླེང་སྟེགས་དང་འགོ་ཚུགས་མཛད་སྒོའི་རིག་རྩལ་འཁྲབ་སྟོན་ཆེ་གྲས་བྱེད་རྒྱུ་མ་ཟད། ད་དུང་འཕྱོངས་རྒྱས་ཟླ་བ་སྒྲོལ་མའི་ཡུལ་སྐོར་གཟུགས་བརྙན་འགྲན་འདེམས་ཆེ་མོ་དང་རྟ་རྩལ་འགྲན་བསྡུར། པར་ལེན་བརྩམས་བྱ་འགྲན་བསྡུར་སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་རེད།
ལྷོ་ཁ་འཕྱོངས་རྒྱས་པུར་རྒྱལ་བཙན་པོའི་གནས་ཤུལ་ཡུལ་སྐོར་ཁུལ་གྱི་འབྲེལ་ཡོད་རྣམ་གྲངས་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཡུལ་སྐོར་ཁུལ་དེ་བཙན་པོའི་བང་སོ་དང་རི་བོ་བདེ་ཆེན་དགོན་གསར། ཐུ་བོད་བརྟེན་རྫས་བཤམས་སྟོན་ཁང་། ཐུ་བོད་རིག་གནས་སྤྲོ་གསེང་ཁུལ། འཕྱིང་བ་སྟག་རྩེའི་ཕོ་བྲང་དྲུག་པའི་གནའ་ཤུལ། བོད་འབྱུང་ཐང་ཆེན་སོགས་ལས་གྲུབ་ཡོད།