དབུལ་སྒྲོལ་འགག་སྒྲོལ་ལས་ཀ་སྤེལ་བའི་ཁྲོད། ཉིང་ཁྲི་གྲོང་ཁྱེར་གྱིས་ཡུལ་སྐོར་ཐོན་ལས་གོང་འཕེལ་དང་དབུལ་སྐྱོར་གནད་འཕིགས་གཉིས་ཟུང་འབྲེལ་བྱས་ཏེ་ཐོན་སྐྱེད་གོང་འཕེལ་དང་འཚོ་བ་ཕྱུག་པོ། སྐྱེ་ཁམས་ལེགས་པོ་བཅས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་དབུལ་སྒྲོལ་ལམ་བུའི་ཐོག་བསྐྱོད་ཡོད།
ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སྦེ་པ་གྲོང་རྡལ་ཀྲང་པ་གྲོང་ཚོ་རྒྱལ་ལམ་318འགྲམ་དུ་གནས་ཡོད་པས་ས་ཁོངས་ཀྱི་ཁྱད་འཕགས་ལྡན་ཡོད། གྲོང་ཚོ་དེས་ལོ་དྲུག་གི་གོང་ནས་བོད་ཁྱིམ་སྤྲོ་གསེང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ཏེ་ཡུལ་སྐོར་གྱི་ཡོང་འབབ་བསགས་པ་དང་། ལོ་གཅིག་ནང་། ཡུལ་སྐོར་བ་ཁྲི་ཚོ་2ལྷག་ཙམ་ལ་སྣེ་ལེན་ཞུས་ནས་ཡོང་འབབ་སྒོར་ཁྲི་ཚོ་300ལྷག་ཙམ་བྱུང་ཡོད།
ཀྲང་པ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསོད་ནམས་སྟོབས་རྒྱལ་ནས། མཉམ་ལས་ཁང་བཙུགས་མ་ཐག་གཙོ་བོ་གྲོང་ཚོའི་གཞོན་དར་ལས་མི་བསྡུས་པ་དང་། དབུལ་གྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་འགོ་ཚུགས་ཚུན། ང་ཚོས་དབུལ་ཕོངས་དུད་ཚང་9ཆེད་ལས་ཁང་ནང་བཅུག་པ་ཡིན། དབུལ་ཕོངས་དུད་ཚང་9པོ་དེ་དག་ནང་མང་ཆེ་བ་དབང་པོ་སྐྱོན་ཅན་པ་ཡིན་ཞིང་། མཉམ་ལས་ཁང་གིས་ཁོང་ཚོའི་སོ་སོའི་གནས་ཚུལ་ལ་གཞིགས་ཏེ་ལས་ཀ་བཀོད་སྒྲིག་བྱས་ཡོད་ཅེས་གསུངས།
སྨན་གླིང་རྫོང་གནས་ཡུལ་ལྷོ་པ་མི་རིགས་ཤང་གནས་ཡུལ་ལུང་ཤུར་ནི་གྲགས་ཅན་ཡུལ་སྐོར་མཛེས་ལྗོངས་ཁུལ་ཞིག་རེད། ཡ་ཉང་ནི་དབང་པོ་སྐྱོན་ཅན་ཞིག་ཡིན་པ་དང་། གྲོང་ཚོ་དང་ཡུལ་སྐོར་ཀུང་སིའི་ལྟ་རྟོག་འོག་ཡ་ཉང་མཛེས་ལྗོངས་ཁུལ་ནང་ཞོག་བཀྲག་དང་བག་ལེབ་འཚོང་དུ་བཅུག་པས། ཟླ་བ་གཅིག་ནང་དངུལ་སྨར་ཡོང་འབབ་སྒོར་3000ཡས་མས་འཕར་སྣོན་བྱུང་ཡོད། སྨན་གླིང་རྫོང་གནས་ཡུལ་ལྷོ་པ་མི་རིགས་ཤང་གི་ཤང་ཀྲང་གཞོན་པ་ཚེ་རིང་ནོར་བུ་ནས། ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་ཤང་ནང་གི་སྲིད་འཛིན་གྲོང་ཚོ་གསུམ་གྱི་མང་ཚོགས་མང་ཆེ་བ་ཡུལ་སྐོར་ལས་རིགས་ནང་ཞུགས་ཏེ་འཚོ་བ་ཕྱུག་པོ་ཆགས་ཡོད། སྤྱི་ལོ་2016ལོར། ང་ཚོས་སླར་ཡང་ཡིག་ཚགས་དང་གཱ་བཟོས་པའི་དབུལ་ཕོངས་དུད་ཚང་25ལ་འགྲུལ་ཁང་དང་ཚོང་ཁང་འཛུགས་རོགས་བྱས་ཏེ་ཁོང་ཚོ་གང་མགྱོགས་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་པ་བྱེད་རྒྱུ་ཡིན་ཞེས་གསུངས།
ཉིང་ཁྲི་གྲོང་ཁྱེར་དབུལ་སྐྱོར་གཞུང་ལས་ཁང་ཏང་ཙུའུ་ཡི་ཧྲུའུ་ཅི་ཉི་མ་ནས། ཉིང་ཁྲི་གྲོང་ཁྱེར་ལ་ད་ཡོད་ཞིང་འབྲོག་དབུལ་ཕོངས་མི་འབོར་ཁྲི་ཚོ་2.28ཡོད་པ་དང་། ང་ཚོས་ཡུལ་སྐོར་ལས་རིགས་སོགས་ཁྱད་ལྡན་ཐོན་ལས་ཀྱི་རོགས་སྐྱོར་ལ་བརྟེན་ནས་སྤྱི་ལོ་2016ལོ་ནས་2018ལོའི་བར་ཐོན་ལས་རོགས་སྐྱོར་རྣམ་གྲངས་117ལག་བསྟར་བྱས་ཏེ། ཁེ་ལས་ཀྱི་རོགས་སྐྱོར་དང་ཁ་གཏད་རོགས་སྐྱོར་བརྒྱུད་དབུལ་སྒྲོལ་མ་ཐུབ་བར་འབྲེལ་བ་མི་ཆད་པ་བྱས་ནས་དབུལ་གྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དང་། མང་ཚོགས་སྣེ་འཁྲིད་དེ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བ་བྱེད་རྩིས་ཡོད་ཅེས་གསུངས།