ད་ལོ་ནི་རང་ལྗོངས་ཀྱི་ཡུལ་སྐོར་ཞབས་ཞུ་ཚད་ལྡན་ཅན་འཛུགས་སྐྱོང་གི་ལོ་ཞིག་ཡིན། 《བོད་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་ཞབས་ཞུ་ཚད་ལྡན་ཅན་འཛུགས་སྐྱོང་ལོའི་ཇུས་གཞིའི》བླང་བྱ་གཞིར་བཟུང་།“ཁོངས་གཏོགས་ལས་སྒོ་དང་གཅིག་གྱུར་བཟོ་བའི”ལས་ཀའི་རྩ་དོན། ལྟར་རང་ལྗོངས་ཀྱིས་ལྗོངས་བབ་དང་མཐུན་པའི་ཡུལ་སྐོར་བཟའ་འཐུང་ཞབས་ཞུའི་ཚད་གཞི་དང་། ཡུལ་སྐོར་གསོལ་མགྲོན་ཁང་གི་སྣེ་ལེན་ཞབས་ཞུའི་ཚད་གཞི། ཡུལ་སྐོར་རླངས་འཁོར(གྲུ་གཟིངས)ཞབས་ཞུའི་ཚད་གཞི། ཡུལ་སྐོར་ལས་དོན་ཁང་གི་ཞབས་ཞུའི་ཚད་གཞི། ཡུལ་སྐོར་སྣེ་ཤན་པའི་ཞབས་ཞུའི་ཚད་གཞི་སོགས་ཡུལ་སྐོར་ལས་རིགས་དང་འབྲེལ་བ་ཡོད་པའི་ཞབས་ཞུའི་ཚད་གཞི་བཟོ་རྒྱུ་དང་འབྲེལ་འཐུས་ཚང་དུ་གཏོང་རྒྱུ་ཡིན་པ་རེད།
ཡུལ་སྐོར་ཞབས་ཞུ་ཚད་ལྡན་ཅན་འཛུགས་སྐྱོང་ལོའི་ལས་དོན་ཏན་ཏིག་སྒྲུབ་ཆེད། རང་སྐྱོང་ལྗོངས་ཡུལ་སྐོར་ཞབས་ཞུ་ཚད་ལྡན་ཅན་འགོ་ཁྲིད་ཚོགས་ཆུང་གིས་ལས་ཀའི་ཇུས་གཞི་ནན་པོ་བཟོས་ཏེ་སྐུལ་སློང་བཀོད་སྒྲིག་དང་། རང་བཤེར་རང་བཅོས། ལྟ་སྐུལ་ཞིབ་བཤེར། ཕྱོགས་བསྡུས་ཞིབ་བཤེར། དཔྱད་ཞིབ་ཕྱོགས་སྡོམ་བཅས་དུས་མཚམས་ལྔ་ལ་དབྱེ་ཞིང་། ད་ཆ་སྐུལ་སློང་བཀོད་སྒྲིག་དང་རང་བཤེར་རང་བཅོས་དུས་མཚམས་གཉིས་ཀྱི་ལས་དོན་ཕུན་སུམ་ཚོགས་པོའི་ངང་བསྒྲུབས་ཟིན་ནས་ཕྱོགས་བསྡུས་ཁྲིམས་འཛིན་ཞིབ་བཤེར་དང་ཚད་ལྡན་བཟོ་བའི་དུས་མཚམས་ཀྱི་ལས་དོན་ཏན་ཏིག་དང་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།
ཡུལ་སྐོར་ཁེ་ལས་ནི་ཡུལ་སྐོར་ཞབས་ཞུའི་ཁྲོམ་རའི་བྱེད་པོ་ཡིན་པ་དེ་ཉིད་ཟ་སྡོད་འགྲོ་གསུམ་དང་། ཡུལ་སྐོར། ཉོ་སྒྲུབ། རོལ་རྩེད་སོགས་སུ་ཁྱབ་ཡོད་ཅིང་། ལྗོངས་ཡུལ་སྐོར་ཞབས་ཞུ་ཚད་ལྡན་ཅན་འགོ་ཁྲིད་ཚོགས་ཆུང་གིས་ཕྱོགས་བསྡུས་ཁྲིམས་འཛིན་ཞིབ་བཤེར་ལས་དོན་སྤེལ་སྐབས་རང་ལྗོངས་ཀྱི་ཡུལ་སྐོར་ཁེ་ལས་ཀྱིས་རང་རྟོགས་ངང་བྱ་སྤྱོད་སྤེལ་བ་དང་རང་ངོས་འཚོལ་ཞིབ་དང་རིམ་སྤོར་ལས་དོན་ཧུར་ཐག་སྤེལ་འགོ་ཚུགས་ཡོད་པ་རེད།
བོད་ལྗོངས་གསེར་སྙེ་གསོལ་མགྲོན་ཁང་གིས་ས་བབ་ཀྱི་ལེགས་ཆར་བརྟེན་པས་རང་འདེམས་ཡུལ་སྐོར་དང་ཡུལ་སྐོར་ཚོགས་པའི་དགའ་བསུ་ཐོབ་ནས་དུས་རབས་གོང་མའི་ལོ་རབས་90པའི་སྐར་མ་གཉིས་རིམ་པའི་ཚད་གཞི་ནས་ད་ཆའི་སྐར་མ་བཞི་རིམ་པའི་ཚད་གཞི་བར་འཕེལ་རྒྱས་ཕྱིན་ནས་རང་ངོས་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བཞིན་ཡོད་པ་རེད། “ད་ལོ་ནི་རང་སྐྱོང་ལྗོངས་ཀྱི་ཡུལ་སྐོར་ཞབས་ཞུ་ཚད་ལྡན་ཅན་འཛུགས་སྐྱོང་གི་ལོ་ཞིག་ཡིན་པ་དང་ལས་དོན་དེས་ང་ཚོའི་ཨར་ཁང་ལ་བཏོན་པའི་བླང་བྱ་དེ་ང་ཚོའི་ཨར་ཁང་ནང་ཁུལ་གྱི‘ཞབས་ཞུའི་སྤུས་ཚད་མཐོར་གཏོང་ལོ’དང་ཏག་ཏག་འཁེལ་བས་ང་ཚོས་ལས་བཟོར་ཞབས་ཞུའི་རྣམ་འགྱུར་ལེགས་ཙམ་དང་། ལས་ཀའི་མྱུར་ཚད་མགྱོགས་ཙམ། ལས་ཀ་མང་ཙམ་སྒྲུབ་པ། ཁ་ཉུང་ཙམ་གཡར་བ་བཅས་ཀྱི་བླང་བྱ་ཁག་བཞི་བཏོན་ཡོད”ཅེས་བོད་ལྗོངས་གསེར་སྙེ་གསོལ་མགྲོན་ཁང་ཚད་ཡོད་འགན་འཁྲི་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཀྲང་ཅེས་གསར་འགོད་པར་བཤད།
བོད་ལྗོངས་གསེར་སྙེ་གསོལ་མགྲོན་ཁང་དུ་སྡོད་ཁང་ཕྱིར་སློག་གི་འགྲོ་ལུགས་གཉེར་བཞིན་པའི་ལེའོ་ཉིང་གི་ཡུལ་སྐོར་བ་ཀྲང་ཐའེ་བོད་དུ་སྒེར་འཁོར་བཏང་ནས་ཡུལ་སྐོར་དུ་ཡོང་ཐེངས་དང་པོ་ཡིན་ཞིང་། ཁོང་གིས་ཨར་ཁང་གི་མཁྲེགས་ཆས་དང་མཉེན་ཆས་སྒྲིག་བཀོད་ཚང་མ་ཡག་པོ་འདུག འཕྲོད་བསྟེན་དང་མགྲོན་ཁང་ཞབས་ཞུ་སོགས་ཀྱི་ཐད་ཞུ་དགོས་ཡས་མི་འདུག ཧ་ཅང་བློ་ཡིད་ཚིམ་པོ་བྱུང་ཞེས་བཤད།
རྒྱ་ཆེའི་ཡུལ་སྐོར་བའི་རྩ་བའི་དགོས་མཁོ་སྐོང་བ་དང་། ཡུལ་སྐོར་བའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ། ཡུལ་སྐོར་བའི་བློ་ཡིད་ཚིམ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱ་རྒྱུ་ནི་ཡུལ་སྐོར་ཞབས་ཞུའི་འགོ་འཛུགས་ས་དང་དོན་ལ་བབ་ས་ཞིག་རེད། རང་ལྗོངས་ཀྱིས་ཡུལ་སྐོར་ཞབས་ཞུ་ཚད་ལྡན་ཅན་འཛུགས་སྐྱོང་ལས་དོན་ཁྲོད་ཡུལ་སྐོར་ཐོན་ལས་ཀྱི་ཕྱོགས་བསྡུས་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཡུལ་སྐོར་བར་སྤུས་ལེགས་ཀྱི་ཡུལ་སྐོར་ཞབས་ཞུ་བྱེད་པ་དང་མྱོང་རོལ་ཐུབ་པ་བྱས་ཏེ་ཡུལ་སྐོར་ཐོན་ལས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།