དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ལྗོངས་སུ་ཡུལ་སྐོར་གྱི་ཞབས་ཞུ་ཚད་ལྡན་ཅན་འཛུགས་སྐྲུན་བྱེད་རྒྱུར་སྐུལ་སྤེལ་གཏོང་བའི་རིག་གཞུང་གི་གཞི་འཛིན་ས་ཡོད་པ།

  • ཡོང་ཁུངས།  བོད་ལྗོངས་རླུང་འཕྲིན་གསར་འགྱུར་ལྟེ་གནས།   |     སྤེལ་དུས།  2016-07-07

    སྤྱི་ཟླ ༧ པའི་ཚེས ༥ ཉིན་པར་སྐྲུན་བྱས་པའི་སྤྱི་ལོ ༢༠༡༦ ལོའི་འདོན་ཐེངས་བདུན་པའི་བོད་ལྗོངས་གསར་པ་ཞེས་པའི་དུས་དེབ་ཐོག་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་སྤེན་པ་བཀྲ་ཤིས་ཀྱི་རིག་གཞུང་རྩོམ་ཡིག་བོད་ལྗོངས་ཡུལ་སྐོར་གྱི་ཞབས་ཞུ་ཚད་ལྡན་ཅན་འཛུགས་སྐྲུན་ལ་སྐུལ་སྤེལ་ཏན་ཏིག་གཏོང་དགོས་ཞེས་པ་ཞིག་སྤེལ་བ་རེད།  རྩོམ་ཡིག་དེ་ས་བཅད་གསུམ་དུ་དབྱེ་ཡོད་པ་སྟེ།  ཡུལ་སྐོར་ཞབས་ཞུ་ཚད་ལྡན་ཅན་དུ་སྐུལ་སྤེལ་གཏོང་དོན་གང་ཡིན་དང་གཅིག  ཡུལ་སྐོར་ཞབས་ཞུའི་ཚད་གཞི་གང་ཡིན་དང་གཉིས།  ཡུལ་སྐོར་ཞབས་ཞུ་ཚད་ལྡན་ཅན་འཛུགས་སྐྲུན་ལོའི་བྱེད་སྒོར་སྐུལ་སྤེལ་ཇི་ལྟར་གཏོང་དང་གསུམ་བཅས་རེད།

    རྩོམ་ཡིག་ནང་དཔལ་འབྱོར་སྤྱི་ཚོགས་རྒྱུན་ཆད་མེད་པར་གོང་འཕེལ་འགྲོ་བ་དང་སྦྲགས་བོད་ལྗོངས་ཀྱི་ཡུལ་སྐོར་ཡང་རང་ལྗོངས་དཔལ་འབྱོར་གྱི་ཀ་རྟེན་ཐོན་ལས་ཤིག་ཏུ་གྱུར་བ་དང་།  བོད་ལྗོངས་ཀྱི་ཡུལ་སྐོར་གོང་འཕེལ་ལ་སྔར་བས་སྐུལ་སྤེལ་གཏོང་བར་ངེས་པབྱེད་དགོས་པའི་ལས་ཀ་མང་པོ་ཡོད་ཅིང་།  ད་ལོ་ནི་བོད་ལྗོངས་ཡུལ་སྐོར་ཚད་ལྡན་ཅན་འཛུགས་སྐྲུན་ལོར་བརྩིས་ཏེ་ཏན་ཏན་ཏིག་ཏིག་ངང་རྨང་གཞི་བཏིང་ནས།  ཡུལ་སྐོར་ལས་རིགས་ཡོངས་ཀྱི་ཞབས་ཞུའི་ཆུ་ཚད་མཐོ་རུ་ནུས་ལྡན་གཏོང་རྒྱུ་རེད་ཅེས་འཁོད་ཡོད་པ་དང་།  ཡུལ་སྐོར་ཞབས་ཞུ་ཚད་ལྡན་ཅན་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་བ་ནི་འཕྲལ་ཕུགས་གཉིས་ཀར་ཕན་ཐོགས་པ་མ་ཟད།  རང་ལྗོངས་ཀྱིས་ཡུལ་སྐོར་གོང་འཕེལ་ཁྲོད་ཀྱི་གནད་དོན་གཞན་དག་ཐག་གཅོད་བྱེད་རྒྱུར་ཡང་འབྲེལ་བ་ཟབ་མོ་ཡོད་པ་དང་།  ཡུལ་སྐོར་ཞབས་ཞུ་ཚད་ལྡན་ཅན་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་རྒྱུ་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཡུལ་སྐོར་ཐོན་ཁུངས་སྔོགས་སྤེལ་གཏིང་ཟབ་བྱེད་པ་དང་།  བོད་ལྗོངས་ཀྱི་ཡུལ་སྐོར་ཁྲོམ་རའི་བཟང་འཁོར་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ།  ཡུལ་སྐོར་ཕྱོགས་འགྱུར་རིམ་སྤོར་མགྱོགས་སུ་གཏོང་བ།  རང་ལྗོངས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་བཅས་ཀྱི་ལྡོག་མེད་བླང་བྱ་ཞིག་རེད་ལ་མི་རིགས་ཁག་དབར་སྤེལ་རེས་དང་།  འགྲོ་འོང་།  འབྲེལ་འདྲིས་བཅས་བྱེད་ཤུགས་ཆེ་རུ་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཀྱང་རེད་ཅེས་ནན་བཤད་བྱས་ཡོད།

    རྩོམ་ཡིག་ནང་ད་དུང་ཡུལ་སྐོར་ཞབས་ཞུའི་ཚད་གཞི་བཟོ་བ་དང་ཡུལ་སྐོར་ཞབས་ཞུ་ཚད་ལྡན་ཅན་འཛུགས་སྐྲུན་ལོའི་བྱེད་སྒོ་སྤེལ་ནས།  མངོན་འགྱུར་ཡོང་བ་བྱེད་དགོས་པའི་སྤྱིའི་དམིགས་ཚད་ནི་ཡུལ་སྐོར་ཞབས་ཞུའི་ཚད་གཞིའི་མ་ལག་འཛུགས་པ་དང་འཐུས་ཚང་བཟོ་བ།  ཞབས་ཞུའི་ཚད་གཞི་དོན་འཁྱོལ་གྱི་སྒྲིག་གཞིའི་ལམ་སྲོལ་འཛུགས་པ།  འཐུས་ཚང་བཟོས་ཏེ་རང་ལྗོངས་ཀྱི་ཡུལ་སྐོར་ཞབས་ཞུའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་གཏོང་རྒྱུ།  ཡུལ་སྐོར་གྱི་ཕྱོགས་བསྡུས་ཕན་འབྲས་མངོན་གསལ་དོད་པོས་ཆེ་རུ་གཏོང་རྒྱུ།  ཡུལ་སྐོར་བའི་བློ་ཡིད་འཚིམ་ཚད་མངོན་གསལ་དོད་པོས་མཐོ་རུ་གཏོང་རྒྱུ་བཅས་འཁོད་ཡོད།།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།