ཡུལ་སྐོར་ལ་བརྟེན་ནས་དབུལ་ཞྭ་ཕུད།
“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་འཛུགས་ལོ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་ལོ་ཞིག་ཡིན་ཞིང་། འདམ་གཞུང་རྫོང་གིས་རིག་གནས་དང་ཡུལ་སྐོར་ཐོན་ལས་མཉམ་བསྲེས་འཕེལ་རྒྱས་མགྱོགས་སུ་དང་ཐོན་ལས་དབུལ་སྐྱོར་ཕན་འབྲས་ཆེ་རུ་བཏང་སྟེ་འབྲོག་ཁུལ་དུ་ཐོན་ལས་དབུལ་སྐྱོར་བྱས་ནས་འབྲོག་པར་ཡུལ་སྐོར་ལས་རིགས་གཉེར་རོགས་བྱེད་པར་བརྟེན་ནས་དབུལ་ཞྭ་ཕུད་ཐུབ་པ་བྱ་རྒྱུ་རེད།
ཡུལ་སྐོར་དབུལ་སྐྱོར་གྱི་དཔེ་སྟོན་གྲོང་ཚོ་གཏོད་པ།
མཛེས་སྡུག་ལྡན་པའི་རྩྭ་ཐང་དེའི་སྟེང་གནམ་མཚོ་དང་། གཉན་ཆེན་ཐང་ལྷ། ཀོ་ཁྱིམ་འཁྱགས་རོམ་སོགས་གྲགས་ཅན་མཛེས་ལྗོངས་ས་ཚིགས་ཐོན་ཁུངས་ཡོད་མོད། འོན་ཀྱང་དེ་དག་ལས་ཡོང་འབབ་གཏོད་མི་ཐུབ་པའི་གནས་ཚུལ་ཡོངས་ཁྱབ་ངང་གནས་ཡོད།
ན་ནིང་ལོ་མཇུག་ཏུ་དུད་ཚང་དབུལ་པོ་གནད་སྨིན་དབྱེ་འབྱེད་ལས་དོན་སྤེལ་བ་བརྒྱུད་རྫོང་དེ་ཡོངས་སུ་དུད་ཚང་1835དང་འབྲོག་པ་7809ཡི་ལོ་རེར་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་2800ལས་དམའ་བ་ཡོད་པའི་གཏན་འཁེལ་ཐུབ་ཡོད། དབུལ་པོར་གྱུར་བའི་རྒྱུ་རྐྱེན་ཞིབ་པར་རྩད་བཅད་ཚེ་མང་ཆེ་བ་ནི་ཕྱུག་འགྱུར་བསམ་ཕྱོགས་ཉུང་བ་དང་། ཐོན་སྐྱེད་རྒྱུ་ཆ་དཀོན་པ། “སྒུག་བརྟེན་སློང་གསུམ”གྱི་བསམ་པ་ཤུགས་ཆེ་བ་སོགས་རེད།
“རྣམ་གྲངས་དང་མ་དངུལ་བསྡུ་སྒྲིལ་བྱས་ཏེ་རིག་གནས་ཡུལ་སྐོར་དབུལ་སྐྱོར་དཔེ་སྟོན་གྲོང་ཚོ་ཧུར་ཐག་བཏོད་པ་དཔེར་ན། ཡངས་པ་ཅན་གྲོང་རྡལ་ལ་ལྡོག་གྲོང་ཚོས་སྐྱས་སྤོས་འབྲོག་པའི་འཚོ་བ་ཉམས་ལེན་ཁང་བཙུགས་པར་ཡུལ་སྐོར་བས་གངས་འཁྱགས་ཀྱི་མཛེས་ལྗོངས་དང་རྩྭ་ཐང་གི་ཉམས་འགྱུར་པར་ལེན་བྱེད་ཆོག་ལ་རྟ་བཞོན་པ་དང་། འབྲི་བཞོ་བ། ཇ་སྲུབས་མ་བཟོ་བ་སོགས་ཀྱི་སྐྱས་སྤོ་འབྲོག་པའི་འཚོ་བ་ཉམས་ལེན་བྱེད་ཆོག” གོམ་སྟབས་རྗེས་མར་ལྗོངས་ཕྱི་ནང་གི་ཁེ་ལས་དང་། སྤྱི་ཚོགས་ཚོགས་པ། ཁེར་རྐྱང་བཟོ་ཚོང་དུད་ཚང་། དམངས་ཁྲོད་མ་རྩ་བཅས་ཀྱིས་བྱ་ཐབས་སྣ་མང་བརྒྱུད་རིག་གནས་ཡུལ་སྐོར་དབུལ་སྐྱོར་གསར་སྤེལ་ཁྲོད་ཞུགས་རྒྱུར་སྐུལ་འདེད་བྱ་རྒྱུ་ཡིན། དེ་དང་ཆབས་ཅིག་འབྲོག་པ་ཚོས་རྣམ་པ་སྣ་ཚོགས་ཀྱི་ཐོག་ནས་རང་བདག་གཉེར་སྐྱོང་དང་། ཁེ་གྱོང་རང་འཁུར།རང་ངོས་འཕེལ་རྒྱས་བཅས་ཀྱི་རིག་གནས་ཡུལ་སྐོར་ཞབས་ཞུའི་དཔལ་འབྱོར་དངོས་ཚན་སྐྱེད་སྲིང་བྱ་རྒྱུར་ལྕག་སྐུལ་དང་རྒྱབ་སྐྱོར་བྱ་རྒྱུ་དང་དབུལ་སྐྱོར་གསར་སྤེལ་བྱེད་ཐབས་གསར་གཏོད་ཀྱིས་རིག་གནས་ཡུལ་སྐོར་དབུལ་སྐྱོར་གྱི་རྩ་འཛུགས་ཅན་གྱི་ཚད་གཞི་མཐོ་རུ་གཏོང་རྒྱུ་དང་། ལས་དོན་སྐུལ་སྤེལ་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་རིག་གནས་ཡུལ་སྐོར་དང་གནད་སྨིན་དབུལ་སྐྱོར་མཉམ་བསྲེས་གཏིང་ཟབ་བྱེད་པའི་དོ་དམ་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན། འདམ་གཞུང་རྫོང་གིས་ད་དུང་མཛེས་ལྗོངས་ཁུལ་གྱི་ཐོན་ཁུངས་ལ་བརྟེན་ནས་ཡུལ་དེའི་མང་ཚོགས་ཀྱིས་ཇ་ཁང་དང་། འབྲོག་པའི་སྤྲོ་སྐྱིད་ཁང་། ཡུལ་སྐོར་འགྲུལ་ཁང་བཅས་གཉེར་རྒྱུ་དང་མཛེས་ལྗོངས་ཁུལ་གྱི་རྟ་དང་གཡག་འཁྲིད་མཁན་མཐུན་ཚོགས་ནང་ཞུགས་རྒྱུར་སྐུལ་འདེད་དང་རོགས་སྐྱོར་བྱ་རྒྱུ་ཡིན་ཞེས་འདམ་གཞུང་རྫོང་གི་རྫོང་དཔོན་གཞོན་པ་ཚེ་རིང་བཟང་པོས་བཤད།
2015ལོར་ཕྱིར་མིག་བལྟས་ན་འདམ་གཞུང་རྫོང་གིས་ལོ་ཧྲིལ་པོར་ཡུལ་སྐོར་བ་བསྡོམས་མི་ཐེངས་ཁྲི་79.1སྣེ་ལེན་ཞུས་པར་དུས་མཚུངས་ལས་20.4%མང་དུ་ཕྱིན་པ་དང་། རྫོང་དེ་ཡོངས་ཀྱི་ཡུལ་སྐོར་ལས་རིགས་དང་ཞབས་ཞུའི་ལས་རིགས་ནང་ཞུགས་པའི་འབྲོག་པ་6317ཟིན་ནས་55.7%མང་དུ་ཕྱིན་ཡོད། ཡུལ་སྐོར་ཐོན་ལས་འཕེལ་རྒྱས་སོང་བ་ལས་ཡུལ་དེའི་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་བྱ་རྒྱུར་སྐུལ་ཁྲིད་ནུས་ལྡན་ཐེབས་པ་རེད།
ཐོན་ལས་རིམ་སྤོར་ལས་འབབ་འཕར་ལ་སྐུལ་མ་གཏོང་བ།
“ང་ཚོས་སྔ་ཕྱི་བར་གསུམ་དུ་དུས་སྟོན་རིག་གནས་བྱེད་སྒོ་དེ་འདྲེན་རྟེན་དུ་བྱས་ནས་རྫོང་དེ་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་བསྲེས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ཐབས་ལམ་རྒྱ་ཆེར་གཏོང་རྒྱུ་མཐའ་འཁྱོངས་བྱེད་ཀྱི་ཡོད”སླད་ཕྱིན་འདམ་གཞུང་རྫོང་གིས་མི་རྣམས་ཀྱིས་རེ་སྒུག་བྱེད་པའི་རིག་གནས་ཡུལ་སྐོར་རྣམ་གྲངས་མང་པོ་ཞིག་འདོན་རྒྱུ་རེད་ཅེས་འདམ་གཞུང་རྫོང་གི་རྫོང་དཔོན་གཞོན་པ་ཝང་ཞའོ་པིན་གྱིས་གསར་འགོད་པར་བཤད།
— བོད་བྱང་ཐང་གི་ལ་གླུ་ཁྱད་ཆོས་སུ་བྱེད་པ་དང་སྐྱས་སྤོས་འབྲོག་པའི་རིག་གནས་རྒྱབ་ལྗོངས་སུ་བྱས་པའི“གནམ་མཚོ། དུས་བཞིའི་ལ་གླུ”ཞེས་པའི་རིག་གནས་ཐོན་ལས་རྣམ་གྲངས་ཆེན་པོ་དེ་2016ལོའི་ཟླ་8ཚེས་8ཉིན་ནས་བཟུང་རྒྱུན་རྣམ་ངང་འཁྲབ་སྟོན་བྱས་ནས་རིག་གནས་ཡུལ་སྐོར་གྱི་ཤུགས་རྐྱེན་ཐེབས་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་དང་ཆབས་ཅིག་ལས་གནས་15མཁོ་འདོན་བྱས་ཏེ་རྫོང་ཁོངས་ཀྱི་མང་ཚོགས་དབུལ་པོ་ཁྱིམ་གྱི་སྒོ་ཁར་ལས་ཞུགས་ཐུབ་རྒྱུར་རོགས་རམ་བྱ་རྒྱུ་རེད།
— ཁང་དམར་ཆུ་ཚན་སྤྲོ་གསེང་གྲོང་ཚོས་གནམ་མཚོ་མཛེས་ལྗོངས་ཁུལ་དང་། ཨ་རབ་འདམ་ར། བྱང་རྩྭ་ཐང་བཅས་ཀྱི་མཛེས་ལྗོངས་དང་གཙོ་གནད་ཐོག་ཟུང་འབྲེལ་བྱས་ཏེ་བོད་ཀྱི་རིག་གནས་དང་། བྱང་ཐང་གི་ཡུལ་དེའི་རིག་གནས། ཆུ་ཚན་གྱི་ལུས་ཟུངས་གསོ་བའི་རིག་གནས་སོགས་ཀྱི་གཞི་རྒྱུ་བསྣན་ཐོག་ཡངས་པ་ཅན་དང་སྙིང་གྲོང་ཆུ་ཚན་བསྡུ་སྒྲིལ་བྱེད་པ་དང་། ཆུ་ཚན་ཐོན་ཁུངས་ལེགས་ཆ་དེ་དཔལ་འབྱོར་ལེགས་ཆར་སྒྱུར་བ། ཆུ་ཚན་ཡུལ་སྐོར་ཐོན་ལས་འབྲེལ་ཐག་ཟམ་མི་ཆད་པར་རིང་དུ་བཏང་ནས་ནུས་ཤུགས་ཡོད་རྒུས“ས་མཐོའི་ཆུ་ཚན་གྲོང”དུ་གཏོད་རྒྱུ་རེད།
— ལོ་ལྟར་ཟླ་5པ་ནས་6པའི་བར་རིག་གནས་ཡུལ་སྐོར་དང་ཁྱད་ལྡན་ཉམས་ལེན་གཞི་གཅིག་ཏུ་བསྡུས་པའི“གནམ་མཚོར་མཉམ་འཛོམས་བྱེད། དབྱར་རྩྭ་དགུན་འབུ་འཐུ་བའི”བྱེད་སྒོ་སྤེལ་ཏེ་རིག་གནས་དང་ཡུལ་སྐོར་ཐོན་ལས་མཉམ་འགུལ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་བར་ཡུལ་སྐོར་དང་གནད་སྨིན་དབུལ་སྐྱོར་མཉམ་བསྲེས་གཏིང་ཟབ་ཐུབ་ཡོད། འབྲོག་པ་ཚང་མར་ལམ་ཁྲིད་དངུལ་སྒོར་300སྤྲད་པ་དང་དབྱར་རྩྭ་དགུན་འབུ་ཕྱིར་ཚོང་བྱེད་པ་ལས་མང་ཚོགས་ཀྱི་དངུལ་སྨར་ཡོང་འབབ་མང་དུ་ཕྱིན་པ་རེད།
— འདམ་གཞུང་རྫོང་གི་2016ལོའི“འདམ་སྤྱི་རིམ”རྟ་རྒྱུག་དུས་ཆེན་གཉེར་བ་དང་ཐོན་ཟོག་ཉོ་ཚོང་དང་། རིག་གནས་སྒྱུ་རྩལ་འཁྲབ་སྟོན། རྟ་རྒྱུག་དང་དམངས་ཁྲོད་ལུས་རྩལ་འགྲན་བསྡུར་སོགས་ཀྱི་རྣམ་པ་བརྒྱུད་མང་ཚོགས་ལས་ཞུགས་ལས་གཏོད་བྱ་རྒྱུར་ཁྲིད་སྟོན་བྱས་ནས་འབབ་འཕར་ཕྱུག་འགྱུར་ཐུབ་ཡོད།
“‘གནམ་མཚོ། དུས་བཞིའི་ལ་གླུ’དང་། ‘གནམ་མཚོར་མཉམ་འཛོམས་བྱེད། དབྱར་རྩྭ་དགུན་འབུ་འཐུ་བའི’བྱེད་སྒོ ‘འདམ་སྤྱི་རིམ’རྟ་རྒྱུག་དུས་ཆེན་སོགས་རིག་གནས་ཡུལ་སྐོར་བྱེད་སྒོ་རབ་དང་རིམ་པ་སྤེལ་རྗེས་དུད་ཚང་དབུལ་པོ་148དང་མི་གྲངས་479ལ་རོགས་སྐྱོར་སྣེ་ཁྲིད་ཐུབ་པ་དང་མང་ཚོགས་དབུལ་པོ་50ལྷག་ཙམ་ལས་ཞུགས་ཐུབ་ནས་དུད་ཚང་རེར་ལོ་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་1.5ཟིན་རྒྱུ་དང་མི་རེར་ལོ་རེར་ཆ་སྙོམས་འབབ་འཕར་སྒོར་3500ཟིན་རྒྱུ་རེད”ཅེས་ཚེ་རིང་བཟང་པོས་འབྱུང་འགྱུར་ལ་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་བཤད།
ཁྲོམ་རའི་ཁོར་ཡུག་ལེགས་སུ་གཏོང་བ།
“ཡུལ་སྐོར་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་དང་ཡུལ་སྐོར་སྤུས་ཚད་ལེགས་སུ་བཏང་ནས་ཡུལ་སྐོར་གཉེར་སྐྱོང་པ་དང་ཡུལ་སྐོར་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ་ཡིན”འདམ་གཞུང་རྫོང་གིས་ལྗོངས་ཡོངས་དང་གྲོང་ཁྱེར་ཡོངས་ཀྱི་འགྲོ་ལམ་སྒྲིག་སྲོལ་སྒྱུར་བཅོས་བྱེད་པའི་གོ་སྐབས་དམ་འཛིན་ནན་པོ་བྱས་ཏེ་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་དང་ཁྲིམས་འགལ་གཉེར་སྐྱོང་འཁོར་རིགས་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་ལག་ཁྱེར་མེད་པའི་འཁོར་རིགས་ལ་ནུས་ཤུགས་ཡོད་རྒུས་རྡུང་རྡེག་གཏོང་རྒྱུ་དང་། ཡུལ་སྐོར་ཞུ་སྦྱོར་ཁ་པར་བཙུགས་ཏེ་རྫོང་དེ་ཡོངས་ཀྱི་ཁྱབ་ཁོངས་ནང་ལས་བྱེད་ལས་བཟོ་སྐོང་འཐེན་བྱས་ཐོག་ས་ཚིགས་ཁག་ལ་ཡུལ་སྐོར་ཁྲིམས་འཛིན་བྱ་རྒྱུར་མངགས་གཏོང་བྱས་ནས་ཡུལ་སྐོར་བར་ནུས་ཆེ་དང་སྤུས་ལེགས་ཀྱི་ཞབས་ཞུ་བྱ་རྒྱུ། དུས་བཀག་ལྟར་མཛེས་ལྗོངས་ཁུལ་གྱི་ཚོང་ཁང་དང་། ཟ་ཁང་། མགྲོན་ཁང་བཅས་ལ་ཞིབ་བཤེར་བྱས་ཏེ་རྫུན་ལྷད་ཞན་གསུམ་གྱི་ཚོང་ཟོག་ཕྱིར་ཚོང་དང་། བཙན་གྱིས་འཚོང་བ། ཡུལ་སྐོར་བར་སུན་པོ་བཟོ་བ་སོགས་ཀྱི་སྣང་ཚུལ་ཐོན་རྒྱུ་གཏན་འགོག་བྱས་ཐོག་རྫོང་དེ་ཡོངས་ཀྱི་ཡུལ་སྐོར་ཁྲོམ་ར་ཟམ་མི་ཆད་པར་གཙང་བཟོ་བྱས་ནས་ཡུལ་སྐོར་ཡོང་འབབ་མང་དུ་གཏོང་རྒྱུ། ཡུལ་སྐོར་ལམ་རྒྱུད་ཀྱི་ཁོར་ཡུག་སྲུང་སྐྱོང་རུ་ཁག་དང་གད་སྙིགས་གཙང་འདྲེན་རླངས་འཁོར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རྒྱུན་ཆད་མེད་པར་ཡུལ་སྐོར་ལམ་རྒྱུད་ཀྱི་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་བྱ་ཤུགས་ཆེ་རུ་བཏང་ནས་ཡུལ་སྐོར་བར་གཙང་ཞིང་གྲལ་སྒྲིག་པའི་ཡུལ་སྐོར་ཁོར་ཡུག་ཅིག་མཁོ་འདོན་བྱ་རྒྱུ། ས་ཁོངས་སྒྲོལ་བའི་ཡུལ་སྐོར་ཐོན་ཁུངས་མཉམ་ལས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ལྷ་ས་དང་། ཁྲེང་ཏུའུ། ཁྲུང་ཆིང་། ཁུན་མིང་། ཟི་ལིང་། ལན་ཀྲོའུ་སོགས་ཀྱི་ཡུལ་སྐོར་ཚོགས་པ་དང་ཡུལ་སྐོར་ལས་དོན་ཁང་དང་འབྲེལ་གཏུགས་བྱ་ཤུགས་ཆེ་རུ་བཏང་ཐོག་ལས་རིགས་མཉམ་ལས་དང་ས་ཁོངས་མཉམ་འབྲེལ་བརྒྱུད་ལེགས་ཆ་གསབ་རེས་དང་། འགྲུལ་ཁུངས་མཉམ་སྤྱོད། གཉིས་ཁེ་གཉིས་ཕན། ཁྲོམ་ར་མཉམ་རོལ་ཐུབ་པ་བྱ་རྒྱུ་བཅས་རེད།
དེ་དང་ཆབས་ཅིག་འདམ་གཞུང་རྫོང་གིས“ཁོངས་གཏོགས་དོ་དམ”གྱི་རྩ་དོན་གཞིར་བཟུང་། ཤང(གྲོང་རྡལ)ཁག་གིས་དུས་བཀག་ནང་ལས་བྱེད་ལས་བཟོ་དང་། “གཉིས་ལྡན་དུད་སྦྲེལ”གྱི་སྤྱི་མི། འབྲོག་པའི་ཏང་ཡོན་བཅས་སྒྲིག་འཛུགས་ཀྱིས་ཆེད་བསྐོས་ཁོར་ཡུག་སྲུང་སྐྱོང་མི་སྣ་དང་མཉམ་དུ་ཁོངས་གཏོགས་ཁུལ་གྱི་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་ལས་དོན་ཡག་པོ་སྤེལ་རྒྱུ་རེད། ཡུལ་སྐོར་བ་ཁག་གཅིག་གིས་གད་སྙིགས་གང་བྱུང་དུ་དབྱུགས་པའི་བྱེད་སྤྱོད་ལ་ལྟ་སྐུལ་དོ་དམ་ནུས་ལྡན་བྱ་རྒྱུའི་སྐོར་གྱི་གནད་དོན་ལ་རྫོང་དེས་ཡུལ་སྐོར་ལས་དོན་ཁང་ཁག་དང་སྤེལ་རེས་མཐུན་སྦྱོར་བྱ་ཤུགས་ཆེ་རུ་བཏང་ནས་ཡུལ་སྐོར་བའི་ཁོར་ཡུག་སྲུང་སྐྱོང་སློབ་གསོའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་རེད།
འགན་འཁུར་རྩོམ་སྒྲིག་པ། 尼玛曲珍
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣