དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཡུལ་སྐོར་དུས་ཚིགས་སུ་བོད་ཀྱི་ཁྱད་ལྡན་ཐོན་ཟོག་བྲིན་ཁ་རྒྱུག་པ།

  • ཡོང་ཁུངས།  ​ ཀྲུང་གོ་བོད་ལྗོངས་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-06-20

     ཡུལ་སྐོར་དུས་ཚིགས་ཤར་ཚུན། བོད་ཀྱི་ཁྱད་ལྡན་ཐོན་ཟོག་བྲིན་ཁ་རྒྱུག་པ་དང་སྒོ་རྩིས་ཚོང་ཁང་ཆེ་གྲས་དང་དེ་བཞིན་ཁྲོམ་གཞུང་རྒྱུད་ཀྱི་ཁྱད་ལྡན་ཐོན་ཟོག་ཚོང་ཁང་བཅས་སུ་ཡུལ་སྐོར་བས་འཚང་ཁ་ཤིག་ཤིག་ངང་བོད་ཀྱི་ཁྱད་ལྡན་ཐོན་ཟོག་ཉོ་བཞིན་འདུག རང་སྐྱོང་ལྗོངས་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་ཡུལ་སྐོར་བས་ཚོང་ཁང་ཁག་ནས་ཁྱད་ལྡན་ཐོན་ཟོག་ཉོ་སྐབས་ཚོང་པའི་ས་ནས་འཛིན་ཤོག་ལེན་དགོས་པ་དང་འབྲེལ་འཛིན་ཤོག་ཉར་ཚགས་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    “ལྔ་གཅིག”དུས་ཆེན་ཚར་རྗེས། བོད་དུ་ཡུལ་སྐོར་བྱེད་མཁན་མང་དུ་ཕྱིན་པ་དང་བོད་ཀྱི་ཁྱད་ལྡན་ཐོན་ཟོག་དག་ཡུལ་སྐོར་བས་གཉེན་ཉེ་སྤུན་གྲོགས་ཚོར་སྤྲོད་པའི་ལག་རྟགས་སུ་གྱུར་ཡོད། འོན་ཀྱང་ཉེ་དུས་ཀྱི་ཁྲོམ་རའི་གནས་ཚུལ་ལ་བལྟས་ན། བཟོ་གྲྭ་རྫུས་མ་དང་། ཅ་དངོས་རྫུས་མ། རིན་གོང་མཐོ་པོ་ལེན་པ་སོགས་ཀྱི་གནས་ཚུལ་ཐོན་ནས་ཡུལ་སྐོར་བའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཕོག་པ་དང་ཆབས་ཅིག་བོད་ཀྱི་གཟུགས་བརྙན་ལའང་ཤུགས་རྐྱེན་བཟོས་ཡོད། ཡུལ་སྐོར་བས་ཁྱད་ལྡན་ཐོན་ཟོག་ཉོ་སྐབས་རྩོད་གཞི་ཉུང་དུ་གཏོང་བའམ་ཡང་ན་གཏན་འགོག་བྱས་ཏེ་ཡུལ་སྐོར་བ་དགའ་སྤྲོའི་ངང་བོད་དུ་ཡོང་བ་དང་བློ་ཡིད་ཚིམ་པོས་བོད་ནས་ཕྱིར་ལོག་ཐུབ་ཆེད། རང་སྐྱོང་ལྗོངས་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་ཡུལ་སྐོར་བས་ཁྱད་ལྡན་ཐོན་ཟོག་ཉོ་སྐབས་དོན་གང་དག་ལ་ཡིད་གཟབ་བྱེད་དགོས་མིན་དང་རིན་གོང་གི་དཔྱད་གཞི་མཁོ་འདོན་བྱས་པ་རེད།

    ཡུལ་སྐོར་དུས་ཚིགས་ཤར་བས་བོད་ཀྱི་ཁྱད་ལྡན་ཐོན་ཟོག་བྲིན་ཁ་རྒྱུག་པ།

    འདི་ལོའི་ཟླ་ལྔ་པ་ནས་བཟུང་། ངལ་གསོའི་ཉིན་མོའམ་ཡང་ན་ལས་ཀའི་ཉིན་མོ་གང་གི་དུས་སུའང་ལྷ་སའི་གཡུ་ཐོག་ལམ་དང་པེ་ཅིང་ལམ་སོགས་ཀྱི་ཚོང་ཁང་དུ་ཡུལ་སྐོར་བས་བོད་ཀྱི་ཁྱད་ལྡན་ཐོན་ཟོག་ཉོ་བཞིན་ཡོད་པ། འདི་ལོ་ཚུན་ཁེ་ལས་མང་པོ་ཞིག་གིས་བརྗོད་པར། བོད་ཀྱི་ཡུལ་སྐོར་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པར་བརྟེན་ཐོན་ལས་སྦྲེལ་ཐག་གི་ལེགས་ཆ་རིམ་གྱིས་མངོན་པ་དང་ཡུལ་སྐོར་ལས་རིགས་ཀྱིས་བོད་ཀྱི་ཁྱད་ལྡན་ཐོན་ཟོག་བྲིན་ཚོང་ཐད་གོ་སྐབས་བཏོད་པ་རེད།

    ཚགས་ཤ་སྐམ་པོ་དང་། མཱ་ཁ། སྡོང་ཕུང་། ཤ་མོ། དབྱར་རྩྭ་དགུན་འབུ་སོགས་ནི་ཡུལ་སྐོར་བས་ཉོ་མང་ཤོས་ཀྱི་བོད་ཀྱི་ཁྱད་ལྡན་ཐོན་ཟོག་ཡིན་ཞིང་། “ཚགས་ཤ་སྐམ་པོ་དང་ཤ་མོ་བྲིན་ཁ་རྒྱུག་པས། ཟླ་ལྔ་པར་ང་ཚོའི་ཚོང་ཁང་གིས་ཐེངས་ཁ་ཤས་འཐེན་པ་ཡིན”ཞེས་པེ་ཅིང་དཀྱིལ་ལམ་དུ་ཡོད་པའི་ཚོང་ཁང་ཞིག་གི་སྦྱིན་བདག་ཀྲང་ཅུན་གྱིས་དགའ་སྤྲོ་དང་བཅས་དེ་ལྟར་བརྗོད་བྱུང་། ཁོང་གིས་འདི་ལོར་ཁྱད་ལྡན་ཐོན་ཟོག་ཉོ་མཁན་གྱི་ཡུལ་སྐོར་བ་མང་དུ་ཕྱིན་པ་དང་། ཁྱད་ལྡན་ཐོན་ཟོག་དེ་དག་ལ་ཧ་ཅང་དགའ་པོ་བྱས་ཙང་། ཚོང་ཡག་པོ་འདུག་ཅེས་བརྗོད་བྱུང་།

    ཡུལ་སྐོར་བས་ཁྱད་ལྡན་ཐོན་ཟོག་བསྐུར་རྒྱུར་སྟབས་བདེ་ཡོང་ཆེད། ལྷ་སའི་སྦྲག་ཐོག་བསྐུར་མ་སྐྱེལ་མཁན་ཀུང་སི་ཆེ་ཁག་གིས་ཀྱང་ཁྱད་ལྡན་ཐོན་ཟོག་ཚོང་ཁང་དང་མཉམ་ལས་བྱས་ཤིང་། སྦྲག་ཐོག་བསྐུར་མ་སྐྱེལ་མཁན་ཀུང་སི་ཞིག་གི་ལས་དོན་མི་སྣས་གསར་འགོད་པར། སྦྲག་ཐོག་ནས་ཁྱད་ལྡན་ཐོན་ཟོག་བསྐུར་མཁན་ཡུལ་སྐོར་བ་མང་པོ་འདུག་པས། ཚོང་ཡག་པོ་འདུག་ལ། ཉིན་ལྟར་པེ་ཅིང་དཀྱིལ་ལམ་གྱི་ཉེ་འགྲམ་ནས་ཁྱད་ལྡན་ཐོན་ཟོག་གི་བསྐུར་མ་མང་པོ་བསྡུ་ཐུབ་ཀྱི་འདུག་ཅེས་བརྗོད་བྱུང་།

    ཡུལ་སྐོར་བར་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་དྲན་སྐུལ་བྱས་པ།

    རང་ལྗོངས་ཀྱི་ཡུལ་སྐོར་ཁྲོམ་ར་རིམ་གྱིས་འཁྲུག་ཏུ་ཕྱིན་པ་དང་བསྟུན་ནས་ཡུལ་སྐོར་ཚོང་ཟོག་གི་ཞུ་གཏུགས་ཀྱང་མང་དུ་སོང་ཞིང་། ཉེ་དུས་ཀྱི་ཁྲོམ་རའི་གནས་ཚུལ་ནས་བལྟས་ན། བཟོ་གྲྭ་རྫུས་མ་དང་། ཚོང་ཟོག་རྫུས་མ། རིན་གོང་མཐོ་བ་སོགས་ཀྱི་གནས་ཚུལ་ཐོན་ཚད་མང་དུ་ཕྱིན་ཡོད། “ཁྱད་ལྡན་ཐོན་ཟོག་ཐད་ཀྱི་འཛད་སྤྱོད་པའི་རྩོད་གཞི་ཐོན་ཚད་ཉུང་དུ་གཏོང་བའམ་ཡང་ན་གཏན་འགོག་བྱ་ཆེད། ང་ཚོས་ཡུལ་སྐོར་བས་ཁྱད་ལྡན་ཐོན་ཟོག་ཉོ་སྐབས་དོ་སྣང་གང་དག་བྱེད་དགོས་པ་དང་རིན་གོང་དཔྱད་གཞི་མཁོ་འདོན་བྱས་ཡོད”ཅེས་རང་སྐྱོང་ལྗོངས་འཛད་སྤྱོད་པའི་མཐུན་ཚོགས་ཀྱི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་བྱུང་།

    འགན་ཁུར་མི་སྣས་སྤྱིར་བཏང་གི་ཁྱད་ལྡན་ཐོན་ཟོག་དང་ལྷག་པར་རྩ་ཆེའི་ཁྱད་ལྡན་ཐོན་ཟོག་ཉོ་སྐབས། རབ་བྱུང་ན་ཚད་ལྡན་གྱི་ཚོང་ཁང་ནས་ཉོ་དགོས་པ་དང་ལས་གཉེར་ལག་ཁྱེར་སོགས་ལ་ལྟ་དགོས་ལ། ལག་ཁྱེར་མེད་པའི་ཚོང་ཁང་ངམ་ཡང་ན་ནག་ཚོང་ཁང་ནས་ཉོ་རྒྱུ་མེད་པའི་དྲན་སྐུལ་བྱས་ཡོད། གལ་སྲིད་བྲེལ་བ་མེད་ན། ཡུལ་སྐོར་བས་ཁྱད་ལྡན་ཐོན་ཟོག་ཉོ་སྐབས་ཚོང་ཁང་མང་ཙམ་བསྐྱོད་ནས་རིན་གོང་སྐད་ཆ་འདྲི་བའམ་ཡང་ན་བོད་དུ་མ་བསྐྱོད་གོང་བོད་ཀྱི་ཁྱད་ལྡན་ཐོན་ཟོག་གི་སྣ་ཁ་དང་རིན་གོང་ལ་ལྟ་དགོས་པ་དང་། ཚད་ལྡན་བཟོ་གྲྭ་ནས་ཐོན་པའི་ཐོན་ཟོག་ཉོ་བའམ་ཡང་ན་ཐམ་ག་བརྒྱབ་པའི་འཛིན་ཤོག་བླངས་ནས་ཉར་ཚགས་ཡག་པོ་བྱས་ཏེ་དཔང་རྟགས་སུ་ཉར་དགོས་པའི་དྲན་སྐུལ་བྱས་ཡོད་ཅེས་བརྗོད་བྱུང་།

    ཡུལ་སྐོར་ཚོང་ཟོག་ཁྲོམ་རའི་གཉེར་སྐྱོང་སྒྲིག་ལམ་སྔར་བས་ཚད་ལྡན་དུ་གཏོང་བ་དང་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་ཆེད། ལྷ་ས་གྲོང་ཁྱེར་དུ་ཡུལ་སྐོར་ཚོང་ཟོག་ཁྲོམ་ར་མང་བ་དང་དངོས་ཟོག་རྫུས་མ་དང་ངོ་མ་དབྱེ་བ་འབྱེད་དཀའ་བ་སོགས་ཀྱི་གནད་དོན་ལ་དམིགས་ནས། ལྷ་ས་གྲོང་ཁྱེར་བཟོ་ཚོང་ཅུས་ཀྱིས་ད་དུང《ཡུལ་སྐོར་ཚོང་ཟོག་ཁྲོམ་རའི་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལྷ་ས་གྲོང་ཁྱེར་བཟོ་ཚོང་ཅུས་ཀྱི་བརྡ་ཐོ》བཀྲམས་ནས་ཡུལ་སྐོར་ཚོང་ཟོག་ཁྲོམ་ར་དོ་དམ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ཅིང། བཟོ་ཚོང་སྡེ་ཚན་གྱིས་རྒྱ་ཆེའི་ཡུལ་སྐོར་བར་ཁྱད་ལྡན་ཐོན་ཟོག་ཉོ་སྐབས་གལ་ཏེ་ཅ་དངོས་རྫུས་མ་དང་རིན་གོང་མཐོ་པོ་ལེན་པ་སོགས་ཀྱི་གནས་ཚུལ་འཕྲད་ན་12315ལ་ཁ་པར་རྒྱག་དགོས་པའི་དྲན་སྐུལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།