དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་འཚོགས་ནས་ཡུལ་སྐོར་མཛེས་ལྗོངས་ཁུལ་རྩེ་གྲ་གཏོད་རྒྱུའི་ལས་དོན་ལ་ཞིབ་འཇུག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-06-11

    ཚེས་8ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱི་ཀྲུའུ་རེན་སྤེན་པ་བཀྲ་ཤིས་ཀྱིས་སྲིད་གཞུང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་རང་ལྗོངས་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་རྩེ་གྲ་གཏོད་རྒྱུའི་ལས་དོན་གྱི་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་གནས་ཚུལ་གསན་པ་དང་ཡུལ་སྐོར་མཛེས་ལྗོངས་ཁུལ་རྩེ་གྲ་གཏོད་རྒྱུའི་ལས་དོན་ལ་ཞིབ་འཇུག་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་མཛེས་ལྗོངས་ཁུལ་རྩེ་གྲ་གཏོད་རྒྱུ་དེ་ནི་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་བོད་གསར་གྱི་གཟུགས་བརྙན་བཟང་པོ་མངོན་པ་དང་། བོད་ཀྱི་ཡུལ་སྐོར་ལས་རིགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། འཛམ་གླིང་ཐོག་གི་མཐའ་མའི་དག་ཞིང་སྲུང་སྐྱོང་ཡག་པོ་བཅས་བྱ་རྒྱུའི་ལས་དོན་ཞིག་ཡིན། རིམ་ཁག་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་སྔར་ལས་ལྷག་པའི་སྒོ་ནས་ངོས་འཛིན་མཐོར་གཏོང་དང་། འགོ་ཁྲིད་ལ་ཤུགས་སྣོན། གནད་དོན་གསལ་རྟོགས། འགན་འཁྲི་ཁ་གསལ། དག་ཐེར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་མཛེས་ལྗོངས་ཁུལ་རྩེ་གྲ་ཁག་གཅིག་ཧུར་ཐག་གཏོད་དགོས་ཞེས་གསུངས་པ་རེད།

    ཚོགས་འདུའི་ཐོག་མཛེས་ལྗོངས་ཁུལ་རྩེ་གྲ་གཏོད་པའི་ཐད་གཤམ་གསལ་གྱི་རྩ་དོན་མཐའ་འཁྱོངས་བྱེད་དགོས་པ་སྟེ། གཅིག་ནས་རང་བྱུང་ཆོས་ཉིད་ལ་བརྩི་འཇོག་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། རང་བྱུང་ལ་བརྩི་འཇོག་བྱེད་པ་དང་། རང་བྱུང་སྲུང་སྐྱོབ་བྱེད་པ། རང་བྱུང་ལ་བསྟུན་པ་བཅས་ཀྱི་འདུ་ཤེས་བརྟན་པོ་བཙུགས་ཏེ་སྲུང་སྐྱོང་དང་གསར་སྤེལ་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་དགོས་པ་དང་། གཉིས་ནས་ཡུལ་སྐོར་བ་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་ཡུལ་སྐོར་བའི་དགོས་མཁོ་བསྐང་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་མཛེས་ལྗོངས་ཁུལ་གྱི་སྐྱིད་སྣང་དོད་ཚད་དང་། མཚན་སྙན། བློ་ཡིད་ཚིམ་ཚད་བཅས་མཐོ་རུ་གཏོང་དགོས་པ། གསུམ་ནས་ལས་དོན་ཞིབ་ཚགས་བསྒྲུབ་རྒྱུ་མཐའ་འཁྱོངས་བྱས་ནས་རང་བྱུང་སླར་གསོའི་ལས་དོན་མང་ཙམ་སྒྲུབ་དགོས་པ། བཞི་ནས་བསམ་བློར་བཅིངས་འགྲོལ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དཔྱད་གཞིར་འཛིན་པ་དང་སློབ་སྦྱོང་བྱེད་པའམ་ཡང་ན་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཁྱད་ཆོས་མངོན་པ་བྱེད་དགོས་པ། ལྔ་ནས་སྲིད་གཞུང་གིས་གཙོ་ཁྲིད་མཐའ་འཁྱོངས་བྱས་ཏེ་རིམ་ཁག་སྲིད་གཞུང་མཛེས་ལྗོངས་ཁུལ་གྱི་འགན་འཁྲིའི་བྱེད་པོར་བརྩིས་ནས་སྔར་ལས་ལྷག་པའི་སྒོ་ནས་འཆར་འགོད་འཐུས་ཚང་དང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་པ། དྲུག་ནས་ཁེ་ཕན་གཞུང་དྲང་མཐའ་འཁྱོངས་བྱས་ཏེ་སྲིད་གཞུང་དང་། ཁེ་ལས། མང་ཚོགས་བཅས་ཀྱི་ཁེ་ཕན་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་ཡུལ་སྐོར་བྱ་གཞག་མཉམ་སྤྱོད་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།