གནའ་ཉམས་དོད་པའི་གུ་གེའི་གནའ་ཤུལ་བརྗིད།
རང་བྱུང་ཤ་དབྱིས་རོང་དེ་མཛེས་པས་ཕྱུག
“ལོ་ལྔ་ཚན་བཅུ་གཉིས་པའི”རིང་མངའ་རིས་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། མངའ་རིས་ཀྱི་མི་རིགས་ཁག་གི་མི་དམངས་ཁྲི་ཚོ་10ལྷག་ཙམ་གྱི་འབད་བརྩོན། མངའ་རིས་རིག་གནས་དང་ཡུལ་སྐོར་སྡེ་ཚན་གྱི་ཞིབ་ཕྲའི་མཛུབ་ཁྲིད་དང་སྐུལ་ཁྲིད་བཅས་འོག་མངའ་རིས་ས་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་ལས་དོན་ཁག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།
རིག་གནས་ཐད“ལོ་ལྔ་ཚན་བཅུ་གཉིས་པའི”རིང་། མངའ་རིས་ས་ཁུལ་གྱི་གཞི་རིམ་རིག་གནས་ལས་ཀའི་སྟོབས་ཤུགས་ཆེ་རུ་ཕྱིན་ཞིང་། ས་ཁུལ་དང་རྫོང་གི་རིག་གནས་དཔུང་ཁག་དང་སྤྱི་པའི་རིག་གནས་སྒྲིག་བཀོད་དོ་དམ་པའི་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་བ་མ་ཟད། ཆེད་ལས་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་རུ་ཁག་སྐྱེད་སྲིང་དང་མང་དུ་བཏང་བ་དང་། རིག་དངོས་སྲུང་སྐྱོབ་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་ལྗོངས་ཡོངས་ཀྱི“ལོ་ལྔ་ཚན་བཅུ་གཉིས་པའི”རྣམ་གྲངས་མཛོད་ཀྱི་ཉམས་གསོའི་ལས་གྲྭའི་ནང་་མངའ་རིས་ས་ཁུལ་གྱི་རིག་དངོས་སྲུང་སྐྱོབ་རྣམ་གྲངས་སྒོར་དུང་ཕྱུར་2.6ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་པ་དང་མངའ་རིས་ཀྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པ་ཁ་ཤས་ལ་གཏོར་སྐྱོན་ཐེབས་པ་བཀག་པའི་ཐོག་མངའ་རིས་ཀྱི་རིག་དངོས་ཡུལ་སྐོར་འཕེལ་རྒྱས་གཏོང་བར་ནུས་པ་བཏོན་པ་མ་ཟད། མངའ་རིས་ཀྱི་རྟེན་རྫས་བཤམས་མཛོད་ཁང་འཛུགས་སྐྲུན་དང་། ལྡེབས་རིས་གྲངས་འཛིན་ལ་འགྱུར་བའི་ཤར་འབེབས། ལྡེབས་རིས་ཉམས་གསོ། གནའ་བོའི་གནའ་ཤུལ་སྲུང་སྐྱོབ། རིག་དངོས་ཡོངས་བཤེར་དང་གནའ་རྫས་སྔོག་འདོན། ཞང་ཞུང་རིག་གནས་ཞིབ་འཇུག ཤེས་ལྡན་པ་གསོ་སྦྱོང་སོགས་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་པས། རིག་གནས་ཤུལ་བཞག་ཞིབ་འཇུག་ལས་དོན་དེ་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་དང་། སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་ལེགས་སུ་མངོན་གསལ་དོད་པོ་སོང་བ་དང་རིམ་ཁག་ནོར་སྲིད་ཀྱི་སྤྱི་པའི་རིག་གནས་སྒྲིག་བཀོད་རིན་མེད་ངང་སྒོ་འབྱེད་པའི་འགན་ལེན་བྱེད་ཤུགས་ཆེ་རུ་ཕྱིན་ནས་ཤང་གྲོང་གི་ཕྱོགས་བསྡུས་རིག་གནས་ས་ཚིགས་37དང་། ཞིང(འབྲོག)པའི་དཔེ་དེབ་ཁང་141 དགོན་སྡེའི་དེབ་ཁང་58 ས་ཁུལ་དང་། རྫོང་། ཤང་། གྲོང་ཚོ་བཅས་ཀྱི་རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་འདུ་འགོད་དང་རྫོང་བདུན་དང་འགག་སྒོ་གཅིག་གི་ཤིན་ཧྭ་དཔེ་ཚོང་ཁང་སོགས་འཛུཌ་སྐྲུན་ལས་དོན་ལེགས་གྲུབ་ཟིན་པ། རྫོང་བདུན་གྱི་སྒྱུ་རྩལ་ཚོཌ་པ་བཙུགས་པ། ས་ཁུལ་དང་། རྫོང་། ཤང་བཅས་སུ་རིག་གནས་བྱེད་སྒོ་སྤེལ་ཡུལ་ཡོད་པ། གྲོང་ཚོར་ཞིང(འབྲོག)པའི་དཔེ་དེབ་ཁང་དང་དགོན་སྡེར་དགོན་སྡེའི་དཔེ་དེབ་ཁང་ཡོད་པའི་ཁར། མང་ཚོགས་ལ་རིམ་ཁག་དང་རིགས་ཁག་གི་སྤྱི་པའི་རིག་གནས་ཞབས་འདེགས་ཞུ་ཡུལ་རིན་མེད་ངང་སྒོ་མོ་འབྱེད་པ་དང་། ལོ་ལྟར་དམངས་ཡོངས་ཀྱི་དཔེ་ཀློག་དང་དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་གཅིག་སྡུད་ཐོག་སྤེལ་བ། རིག་གནས་དང་། ཚན་རྩལ། འཕྲོད་བསྟེན་བཅས“གཤམ་སྤེལ་གསུམ”དང“རིག་རྩལ་ལེ་ཚན་གཞི་རིམ་དུ་སྤེལ་བ”སོགས་ཀྱི་བྱེད་སྒོ་འཆར་ཅན་ངང་སྤེལ་བ། ས་ཁུལ་དང་རྫོང་གི་ནོར་སྲིད་མ་དངུལ་བརྩོན་ལེན་ཧུར་ཐག་བྱས་ཏེ་སྒྱུ་རྩལ་ཚོགས་པའི་རིག་རྩལ་ལེ་ཚན་གསར་རྩོམ་ལ་རྒྱབ་སྐྱོར་བྱས་ཐོག་གཞི་རིམ་དང་། གྲོང་ཚོ་དང་ཚོགས་ཆུང་། དཔུང་སྡེ་བཅས་སུ་འཁྲབ་སྟོན་བྱེད་པར་བསྐྱོད་ཡོད་པ་རེད།
སྲིད་པའི་གངས་རྒན་ཏི་སེའི་མགོ་འཕང་མཐོ།
དམིགས་སུ་གླེང་རིན་ཡོད་པ་ཞིག་ལ“ལོ་ལྔ་ཚན་བཅུ་གཉིས་པའི”རིང་མངའ་རིས་ས་ཁུལ་གྱིས་ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་ལྔ་པ་དང་དྲུག་པ་སྔ་རྗེས་སུ་གྲུབ་འབྲས་ཐོན་པའི་ངང་གཉེར་ནས་ལོ་རྒྱུས་དང་། གནའ་རྫས་རྟོག་ཞིབ། འཛུགས་སྐྲུན། མཛེས་རྩལ་བཅས་ཀྱི་གྲགས་ཅན་རིགས་གཅིག་མཁས་ཅན་དང་མཁས་དབང་གདན་དྲངས་ཏེ“ཞང་ཞུང་ཕྱོགས་ནས་ཡོང”ཞེས་པ་དང“མངའ་རིས་ཀྱི་གནའ་བོའི་ལྡེབས་རིས་ཞིབ་འཇུག”ཅེས་པའི་ཞང་ཞུང་རིག་གནས་སྒྱུ་རྩལ་བགྲོ་གླེང་ཚོགས་འདུ་སྐབས་གཉིས་འཚོགས་ཏེ་ཞང་ཞུང་གི་རིག་གནས་ཞིབ་འཇུག་བྱེད་པའི་ལས་སྟེགས་བསྐྲུན་པ་དང་ཞང་ཞུང་གི་རིག་གནས་སྙིང་དོན་སྔོག་འདོན་དང་ལེགས་སྒྲིག་བྱས་ཡོད། ལོ་རྒྱུས་ཀྱི་གནས་ཚུལ་མཚོན་པའི་འཁྲབ་གཞུང《རྨི་ལམ་ནང་དུ་གུ་གེར་སླེབས》ཞེས་པ་བརྩམས་ཏེ་མངའ་རིས་དང་། ལྷ་ས། ཧོ་པེ་ཧྲི་ཅ་ཀྲོང་། ཧྲའན་ཤིས་ཨན་ཁང་། ཤིས་ཨན་བཅས་སུ་སྔ་རྗེས་སུ་འཁྲབ་སྟོན་ཐེངས་5བྱས་པར་ལྟད་མོ་བ་བསྡོམས་6000ལྷག་ཙམ་ཟིན་ནས་མངའ་རིས་ཀྱི་རིག་གནས་ཀྱི་སྙིང་དོན་ཟབ་མོ་དང་བོད་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་མཚོན་པར་བྱས་པས། ལྟད་མོ་བ་ཚོར་མི་རིགས་ཀྱི་རིག་གནས་གསོལ་སྟོན་གྱ་ནོམ་པ་ཞིག་ལོངས་སུ་སྤྱོད་རྒྱུ་བྱུང་བ་དང་། མངའ་རིས་དང་ལྗོངས་ཕྱི་ནང་དང་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དབར་གྱི་རིག་གནས་སྤེལ་རེས་ལ་སྐུལ་མ་ཐེབས་ཐོག་མངའ་རིས་ཁྱབ་གདལ་དང་དྲིལ་བསྒྲགས་བྱེད་པར་དགེ་མཚན་ལྡན་པའི་ནུས་པ་ཐོན་པ་དང“རིག་གནས་ལ་བརྟེན་ནས་ཡུལ་སྐོར་དར་རྒྱས་གཏོང་བ་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་ལ་སྐུལ་འདེད་གཏོང་བའི”རྣམ་པ་བཟང་པོ་ཞིག་ཆགས་པ་རེད།
ངོ་མཚར་འཁྲབ་སྟོན་ཡིད་ཀྱི་གསོས་སུ་གྱུར།
ལས་ཞོར་འཚོ་བ་སྣ་མང་ཕུན་སུམ་ཚོགས།