དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • བོད་ཀྱིས་མི་རིགས་མཐུན་སྒྲིལ་གྱི་ཡུལ་སྐོར་མཛེས་ལྗོངས་ཁུལ་ཁག་གཅིག་སྔོག་འདོན་བྱས་ནས་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2016-06-04

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་གསར་འགོད་པས་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་ནས་ཤེས་རྟོགས་བྱས་པར་གཞིགས་ན། འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་གེ་སར་ལྷ་ཁང་སྟེ་ཇོ་མོ་གླང་མའི་གེ་སར་ལྷ་ཁང་གི་གཙོ་གཟུགས་ལས་གྲྭའི་འཛུགས་སྐྲུན་སྤྱིར་ན་ལས་མཇུག་སྒྲིལ་ནས་བོད་ཀྱི་མི་རིགས་མཐུན་སྒྲིལ་གྱི་ཡུལ་སྐོར་ལ་སླར་ཡང་བཀྲག་མདངས་འཚེར་ས་ཞིག་བསྣན་ཡོད་པ་རེད།

    ཇོ་མོ་གླང་མའི་གེ་སར་ལྷ་ཁང་ནི་བོད་ཀྱིས་ཉེ་བའི་ལོ་ཤས་རིང་སྲུང་སྐྱོབ་དང་གསར་སྤེལ་བྱས་པའི་མི་རིགས་མཐུན་སྒྲིལ་གྱི་ལོ་རྒྱུས་བདེན་དཔང་བྱས་པའི་རྗེས་ཤུལ་མང་དག་ཅིག་གི་གྲས་ཤིག་རེད། 2012ལོ་ནས་བཟུང་། བོད་ཀྱིས་སྔ་རྗེས་སུ་མ་དངུལ་སྒོར་དུང་ཕྱུར་3ལྷག་ཙམ་བཏང་ནས་ལྷ་ས་གྲོང་ཁུལ་གྱི་རིག་དངོས་གནའ་ཤུལ་ཁག་གཅིག་གི་གནའ་རྫས་ཉམས་པ་སོར་ཆུད་དང་ཉམས་གསོ་སྲུང་སྐྱོབ་བྱས་ཤིང་། ད་ཆ། བོད་རྒྱ་མི་རིགས་གཉིས་ཀྱི་མཐུན་སྒྲིལ་མཚོན་པའི་ཐང་བོད་མཇལ་འདུམ་རྡོ་རིང་དང་། ཆིང་སྲིད་གཞུང་གི་བོད་སྡོད་ཨམ་བན་ཡ་མོན་གྱི་ཤུལ་རྙིང་བཤམས་སྟོན་ཁང་། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་དྲན་གསོ་ཁང་སོགས་ལོ་རྒྱུས་ཀྱི་གནའ་ཤུལ་བར་སྐོར་དུ་སླར་ཡང་མངོན་ནས་གངས་ལྗོངས་ས་མཐོའི་ལྟ་ན་སྡུག་པའི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད། ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གིས་ཀྲུང་གོའི“ཇ་རྟའི་གནའ་ལམ”གྱི་རིག་གནས་སྤུས་རྟགས་ཀྱི་ལོ་རྒྱུས་རིག་གནས་ཡུལ་སྐོར་རྟེན་རྫས་བཤམས་མཛོད་ཁང་ཐོག་མ་དེ་བསྐྲུན་པ་དང་། གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གིས་ཆེད་དམིགས་འཆར་འགོད་བྱས་ནས་གོང་མ་ཆན་ལུང་དུས་ཀྱི་ཆིང་དམག་གིས་གོར་ཁ་བཙན་འཛུལ་པར་ཕར་རྒོལ་བྱས་པའི་རྗེས་ཤུལ་དང་ཆིང་དམག་གི་བང་སོ་ཆེན་པོ་སོགས་གནའ་ཤུལ་ལ་སྲུང་སྐྱོབ་དང་ཉམས་གསོ་བྱས་པ་རེད།

    2013ལོའི་ཟླ་8པར་རྒྱ་བཟའ་ཀོང་ཇོ་དང་སྲོང་བཙན་སྒམ་པོའི་ཐང་བོད་གཉེན་སྒྲིག་གཏམ་རྒྱུད་འཁྲབ་ཚན་གཙོ་བོར་བྱས་པའི་དངོས་ལྗོངས་ཟློས་གར་ཆེ་གྲས་འུན་ཤིང་ཀོང་ཇོ་ཞེས་པ་དེ་དངོས་སུ་འཁྲབ་སྟོན་བྱས་ཚུན། ལྟད་མོ་བ་མི་ཐེངས་ཁྲི་80ལྷག་ཙམ་ལ་སྣེ་ལེན་ཞུས་པ་དང་། 《རྒྱལ་རྩེའི་བག་ཆགས》སོགས་འཁྲབ་སྟོན་རྣམ་གྲངས་དང་མཉམ་དུ་བོད་ཀྱི་སྲོལ་རྒྱུན་མཛེས་ལྗོངས་ཡུལ་སྐོར་ལ་རིག་གནས་ཡུལ་སྐོར་གྱི་གཞི་རྒྱུ་གསར་པ་བསྣན་ཡོད་པ་རེད།

    གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་བའི་ལོ་5ཡི་རིང་། བོད་ཀྱིས་མ་དངུལ་སྒོར་ཁྲི་6000ལྷག་ཙམ་བཏང་ནས“བོད་ཀྱི་རྒྱལ་གཅེས་གསར་བརྗེའི་ལོ་རྒྱུས་སྔོག་འདོན་འདུ་འགོད”ལག་བསྟར་བྱས་ཏེ། དམག་སྡེ་18པའི་ཧྲི་52པའི་བཀོད་འདོམས་ཁང་གི་གནས་ཡུལ་རྙིང་པ་སོགས་གལ་ཆེའི་ལོ་རྒྱུས་དང་གསར་བརྗེའི་རིག་དངོས་སྣ་ཁ་21སྲུང་སྐྱོབ་དང་ཉམས་གསོ་བྱས་པ་རེད།

    ད་ཆ། མི་རིགས་མཐུན་སྒྲིལ་གྱི་བདེན་དཔང་བྱེད་པའི་ལོ་རྒྱུས་རྗེས་ཤུལ་ཁག་གཅིག་བོད་ཀྱི་ཡུལ་སྐོར་མཛེས་ལྗོངས་ས་ཚིགས་གསར་པར་གྱུར་པ་མ་ཟད། མི་རིགས་ཁག་གི་མི་དམངས་ཀྱིས་ལོ་རྒྱུས་ཤེས་རྟོགས་བྱེད་པ་དང་རྒྱལ་གཅེས་ཀྱི་སྤྲོ་སེམས་འཕེལ་བར་བྱེད་པའི་རྟེན་གཞི་གལ་ཆེན་ཞིག་ཏུ་ཡང་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 米玛

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།