གསར་དུ་ཡོངས་བསྒྲགས་བྱས་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་རྩ་གནད(འཆར་ཟིན)》ལ་གཞིགས་ན། ཁྲོད་བོད་ལྕགས་ལམ་དེ“ལོ་ལྔ་ཚན་བཅུ་གསུམ་པའི”འགྲིམ་འགྲུལ་འཛུགས་སྐྲུན་གྱི་གཙོ་གནད་ལས་གྲྭའི་ནང་བཅུག་ཡོད་ཅིང་། གཙོ་གནད་ཐོག་སྐུལ་འདེད་གཏོང་རྒྱུའི་མཐའ་མཚམས་རྒྱུད་ཀྱི་ལྕགས་ལམ་ནང་གི་ལམ་ཐིག་གལ་ཆེན་ཞིག་ཏུ་གྱུར་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཁྲོན་བོད་ལྕགས་ལམ་དེ་སི་ཁྲོན་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཁྲེང་ཏུའུ་ནས་འགོ་ཚུགས་པ་དང་། ལམ་བར་དུ་གཡག་རྔ་དང་། དཀར་མཛེས། བོད་ལྗོངས་ཆབ་མདོའི་ས་ཁོངས། ཉིང་ཁྲི། ལྷོ་ཁ་བཅས་བརྒྱུད། མཐར་བོད་ཀྱི་ལྟེ་བའི་གྲོང་ཁྱེར་ལྷ་སར་སླེབས་ཀྱི་ཡོད་ཅིང་ལམ་ཐིག་ཧྲིལ་པོར་སྤྱི་ལེ་1800ལྷག་ཙམ་ཡོད།
གསར་འགོད་པས་འབྲེལ་ཡོད་མི་སྣར་བཅར་འདྲི་བྱེད་སྐབས་ཤེས་རྟོགས་བྱུང་བ་ལྟར་ན། ཁྲོན་བོད་ལྕགས་ལམ་བསྐྲུན་ཚར་རྗེས་གྲོང་ཁྱེར་གཉིས་དབར་ཆུ་ཚོད་13ཙམ་ལས་འགོར་གྱི་མེད། དེས་མ་ཟད་ཧྲང་ཧའེ་ནས་བོད་ལྗོངས་ལྷ་ས་བར་ལྕགས་ལམ་གྱི་བགྲོད་ལམ་ཆེན་པོ་ཞིག་ཆགས་ནས་བོད་དུ་བསྐྱོད་པའི་འགྲིམ་འགྲུལ་ཆ་རྐྱེན་ཆེས་ཆེར་ལེགས་སུ་འགྲོ་རྒྱུ་རེད།
དེ་དང་ཆབས་ཅིག་ཁྲོན་བོད་ལྕགས་ལམ་གྱིས་ད་དུང་ལམ་རྒྱུད་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་ཐུབ་ནས་སི་ཁྲོན་དཀར་མཛེས་ཀྲོའུ་དང་བོད་ལྗོངས་ཆབ་མདོ་དང་། ཉིང་ཁྲི། ལྷོ་ཁ་བཅས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཆ་རྐྱེན་ལ་འགྱུར་ལྡོག་ཆེན་པོ་འགྲོ་རྒྱུ་ཡིན་པ་རེད།