དབུ་ཤོག>སྣོད་བཅུད་དང་ཡུལ་སྐོར།
  • ཡུལ་སྐོར་ལས་རིགས་ལས་བོད་ལྗོངས་ཀྱི་ཞིང་འབྲོག་པ་ཁྲི་10ཙམ་ལ་འབབ་འཕར་ལས་ཞུགས་བྱུང་བ།

  • ཡོང་ཁུངས།  ​ ཤིན་ཧྭ་གསར་འགྱུར་ཁང་།   |     རྩོམ་པ་པོ།  尕藏智华   |     སྤེལ་དུས།  2016-02-28

    གསར་འགོད་པར་ཚེས་26ཉིན་འཚོགས་པའི་བོད་ལྗོངས་ཡུལ་སྐོར་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། མིག་སྔའི་བར་ལྗོངས་ཡོངས་སུ་ཡུལ་སྐོར་སྣེ་ལེན་ཞབས་ཞུའི་ལས་རིགས་གཉེར་མཁན་ཞིང་འབྲོག་པ་ཁྲི་9.7ལྷག་ཙམ་ཟིན་ནས་ན་ནིང་ཡུལ་སྐོར་སྣེ་ལེན་ཞབས་ཞུའི་ཡོང་འབབ་སྒོར་དུང་ཕྱུར་10བྱུང་སྟེ་མི་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་1.03བྱུང་ཡོད། ཡུལ་སྐོར་ལས་རིགས་དེ་བོད་ལྗོངས་ཀྱི་ཞིང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་གཙོ་བོར་གྱུར་ཡོད།

    ཉིང་ཁྲི་གྲོང་ཁྱེར་ཀླུ་ནང་ནགས་ཚལ་ལ“བོད་ཀྱི་སུའེ་ཙེར་ཆུང་ཆུང”ཞེས་པའི་མཚན་སྙན་གྲགས་ཀྱི་ཡོད། ཀླུ་ནང་གྲོང་རྡལ་བཀྲ་ཤིས་སྒང་གྲོང་ཚོའི་གྲོང་མི་སྤེན་པས་ཞིང་དལ་དུས་སུ་མཛེས་ལྗོངས་ཁུལ་གྱི་ཉེ་འགྲམ་དུ་ཡུལ་སྐོར་བར་གུར་གཡར་བ་དང་ཁྱད་ལྡན་ཐོན་རྫས་བཙོངས་པ་ཁོ་ནར་ལོ་གཅིག་ལ་དངུལ་སྨར་ཡོང་འབབ་སྒོར་ཁྲི་2ཙམ་བྱུང་ཡོད།

    ད་ཆ་བོད་དུ་སྤེན་པ་དང་འདྲ་བར་ཡུལ་སྐོར་ལས་རིགས་ནང་ཞུགས་མཁན་ཞིང་འབྲོག་པ་ཇེ་མང་དུ་འགྲོ་བཞིན་ཡོད། བོད་ཤར་བརྒྱུད་ཀྱི་ར་འོག་མཚེའུའི་ཉེ་འགྲམ་གྱི་གྲོང་མི་མང་པོས་ཐུན་མོང་མ་ཡིན་པའི་རི་མཚོའི་འཁྱགས་རོམ་གྱི་རང་བྱུང་ལེགས་ཆ་སྤྱད་དེ“བོད་ཁྱིམ་སྤྲོ་སྐྱིད་ཁང”གི་ཁྱིམ་ཚང་མགྲོན་ཁང་བཙུགས་པར་ཡུལ་སྐོར་བས་དགའ་པོ་བྱེད་ཀྱི་ཡོད། ཉིང་ཁྲིའི་ཁྱིམ་ཚང་མགྲོན་ཁང་ཡང་ཆར་རྗེས་མྱུར་གུ་རྒྱས་པ་བཞིན་འཕེལ་རྒྱས་ཕྱིན་ནས་གྲོང་ཁྱེར་དེ་ཡོངས་སུ་ཁྱིམ་ཚང་མགྲོན་ཁང་200ལས་བརྒལ་ནས་མི་ཁྲི་ཙམ་ལ་སྣེ་ལེན་ཞུ་ཐུབ་ཀྱི་ཡོད།

    བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གིས་ངོ་སྤྲོད་བྱས་པར་གཞིགས་ན། རིམ་ཁག་ཡུལ་སྐོར་སྡེ་ཚན་གྱིས་ཉེ་བའི་ལོ་ཤས་རིང་ཞིང་པའི་སྤྲོ་སྐྱིད་ཁང་དང་བོད་ཁྱིམ་སྤྲོ་སྐྱིད་ཁང་སོགས་གྲོང་གསེབ་ཀྱི་ཡུལ་སྐོར་ཐོན་རྫས་འཕེལ་རྒྱས་ཤུགས་ཆེན་བཏང་བར་བརྟེན་ཞིང་འབྲོག་པས་ཡུལ་སྐོར་འཕེལ་རྒྱས་ལ་བརྟེན་ནས་འབབ་འཕར་ཕྱུག་འགྱུར་གྱི་ལམ་བུ་རྒྱ་ཆེར་བཏང་བ་དང་འབྲེལ་ཞིང་འབྲོག་པར་ཡུལ་སྐོར་ཞབས་ཞུའི་རྩལ་ནུས་གསོ་སྦྱོང་ཧུར་ཐག་བྱས་པས་གྲོང་གསེབ་ཀྱི་ཡུལ་སྐོར་རྣམ་གྲངས་གནས་ཡུལ་གྱི་སྤྱི་པའི་ཞབས་ཞུའི་སྒྲིག་གཞི་དང་ཡུལ་སྐོར་གྱི་ལེ་ལག་ཚང་བའི་སྒྲིག་ཆས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ་ཞིང་འབྲོག་པའི་འཚོ་བའི་ཁོར་ཡུག་ལེགས་སུ་འགྲོ་ཐུབ་པ་བྱུང་ཡོད།

    བོད་ལྗོངས་ཀྱི་ཡུལ་སྐོར་ལས་རིགས་ལ་ཉེ་བའི་ལོ་ཤས་རིང་སྤྱིར་བཏང་གི་དཔལ་འབྱོར་ཐོན་ལས་རྣམ་པ་ནས་ཀ་རྟེན་ཐོན་ལས་རྣམ་པའི་བར་མཆོང་སྐྱོད་བྱུང་ནས་ན་ནིང་ལྗོངས་ཡོངས་སུ་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་281བྱུང་བ་དེ་ལོ་དེའི་ལྗོངས་ཡོངས་ཀྱི་GDPབཅུ་ཆ་གཉིས་ལྷག་ཙམ་དང་མཚུངས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།