ཤེས་རྟོགས་བྱུང་བར་གཞིགས་ན། ཚེས་23ཉིན་གྱི་ཉིན་དགུང་བར་རྒྱལ་ལམ་318རྒྱུད་ཀྱི་གསེར་སྐྱེམ་ལའི་ལམ་བུ་མང་པོར་གངས་བབས་ནས་ལམ་ངོས་སུ་གངས་གསོག་ལི་སྨི་1ཐེབས་འདུག 2016ལོའི་ཟླ་2ཚེས་23ཉིན་གྱི་ཆུ་ཚོད་9པར་དགའ་ལུང་ལ་ཕུག་ལམ་གྱི་ཉེ་འཁོར་ལམ་བུར་གངས་རྡིབ་བརྒྱབ་ནས་གངས་གསོག་ཐེབས་ཚད་སྨི་3.5དང་གངས་གསོག་ཐེབས་ཁྱོན་སྨི་རྒྱ་དཔངས་ངོས་གྲུ་1225ཟིན་འདུག གངས་གསོག་འཕྲལ་དུ་བཤངས་པ་བརྒྱུད་མིག་སྔར་ལམ་བུ་དེ་དག་ཤར་གཏོང་ཐུབ་འདུག
ཟླ་2ཚེས་22ཉིན་གྱི་དགོང་མོ་ནས་ཟླ་2ཚེས་23ཉིན་གྱི་སྔ་དྲོའི་ཆུ་ཚོད་9པ་བར་གངས་འབབ་པའི་གནམ་གཤིས་བསྟན་སྟབས། རྒྱལ་ལམ་214རྒྱུད་ཀྱི་རི་བོ་ཆེ་ནས་ཆབ་མདོ་བར་གྱི་གཞུང་ལམ་དང་། རྒྱལ་ལམ་317རྒྱུད་ཀྱི་རི་བོ་ཆེ་ནས་འབོ་ལོ་གྲོང་རྡལ་བར་གྱི་གཞུང་ལམ་སོགས་ཀྱི་ལམ་ངོས་སུ་ཚད་གཞི་མི་འདྲ་བའི་གངས་གསོག་ཐེབས་ཡོད་པ་གཞུང་ལམ་བདག་སྐྱོང་སྡེ་ཚན་གྱིས་དུས་ཐོག་ཏུ་གངས་འཕྱག་བྱས་པས་རླངས་འཁོར་འགག་འཛིང་གི་གནས་ཚུལ་ཐོན་མེད།
གཞུང་ལམ་བདག་སྐྱོང་སྡེ་ཚན་གྱིས་རྒྱ་ཆེའི་ཁ་ལོ་བར་དྲན་སྐུལ་ཞུས་པར། གངས་བབས་པའི་གནམ་གཤིས་བསྟན་པས་རང་ལྗོངས་ཀྱི་གཞུང་ལམ་མང་པོར་ཚད་གཞི་མི་འདྲ་བའི་གངས་གསོག་ཐེབས་ཡོད། དེས་ན་ཁ་ལོ་བ་ཚོས་འགྲོ་འོང་བྱེད་སྐབས་སྔོན་ནས་གནམ་གཤིས་སྔོན་བརྡར་དོ་སྣང་བྱེད་པའམ་ཡང་ན། ས་གནས་དེ་གའི་འགྲོ་ལམ་འགྲིམ་འགྲུལ་སྡེ་ཚན་ནས་བགྲོད་ལམ་གྱི་གནས་ཚུལ་དུས་ཐོག་ཏུ་བློ་འདྲི་བྱས་ཏེ། འགྲོ་འོང་ལ་ཤུགས་རྐྱེན་མི་ཕོག་པ་བྱེད་དགོས། ས་བབ་མཐོ་བའི་ལམ་བུར་གངས་གསོག་ཐེབས་སླ་བ་དང་འཁྱག་པ་ཆགས་སླ་བས་ཁ་ལོ་བས་འགྲིམ་འགྲུལ་བདེ་འཇགས་ལ་དོ་སྣང་བྱེད་དགོས།