ལྷོ་ཁའི་ཡུལ་སྐོར་གྱི་ཕྱི་ཕྱོགས་སུ་ཤུགས་རྐྱེན་ཐེབས་ཤུགས་དང་སྐད་གྲགས་ཆོད་ཚད་སྔར་བས་མཐོ་རུ་གཏོང་བ་དང་ལྷོ་ཁར་ཡུལ་སྐོར་བ་འགུགས་ཆེད། ལྷོ་ཁ་ས་ཁུལ་ཡུལ་སྐོར་ཅུས་ཀྱིས་བརྙན་འཕྲིན་སྨྱན་སྦྱོར་དང་། དྲ་རྒྱའི་སྨྱན་སྦྱོར། འགྲིམ་འགྲུལ་སྨྱན་སྦྱོར་སོགས་ཕྱོགས་བསྡུས་བཀོལ་སྤྱོད་བྱས་ནས་ཡུལ་སྐོར་དྲིལ་བསྒྲགས་དང་བྲིན་ཚོང་བྱེད་ཤུགས་ཆེ་རུ་བཏང་བ་རེད།
བརྙན་འཕྲིན་སྨྱན་སྦྱོར་གྱི་བརྡ་ཁྱབ་གཏོང་ཤུགས་ཆེ་རུ་བཏང་ཞིང་། བོད་ལྗོངས་སྲུང་སྐར་བརྙན་འཕྲིན་སྟེགས་བུ་སྤྱད་དེ་བོད་ལྗོངས་རྒྱ་སྐད་སྲུང་སྐར་བརྙན་འཕྲིན་འཕྲིན་ལམ་གྱི“བོད་ལྗོངས་གསར་འགྱུར་མཉམ་བསྒྲགས”བསྟན་རྗེས་ཉིན་ལྟར་བོད་མིའི་འབྱུང་ཁུངས་ལྷོ་ཁའི་ཡུལ་སྐོར་གཟུགས་བརྙན་དྲིལ་བསྒྲགས་ཀྱི་བརྡ་ཁྱབ་ཐེངས་གཉིས་གཏོང་བ་དང་། ལྷ་སའི་ཕེན་ཀྲུང་སྨྱན་སྦྱོར་ཀུང་སི་བརྒྱུད་ལྷོ་ཁའི་ཡུལ་སྐོར་དྲིལ་བསྒྲགས་པར་གཞི་ལྷ་སའི་སྐར་མ་རིམ་པའི་ཨར་ཁང་ཆེན་པོ་དང་དེ་བཞིན་རིམ་མཐོའི་ཐོག་བརྩེགས་ཁང་ཆེན་ནང་སྟོན་པ། ཝུའུ་ཧན་ས་འོག་ལྕགས་ལམ་བརྙན་འཕྲིན་གྱིས་ཉིན་ལྟར་ལྷོ་ཁའི་ཡུལ་སྐོར་གཟུགས་བརྙན་དྲིལ་བསྒྲགས་ཀྱི་པར་གཞི་ཡང་ཡང་སྟོན་པ་བཅས་བྱས་ནས་བརྙན་འཕྲིན་སྨྱན་སྦྱོར་གྱི་དྲིལ་བསྒྲགས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བ་རེད།
དྲ་རྒྱའི་སྨྱན་སྦྱོར་གྱི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ཞིང་། དྲ་རྒྱའི་ཐོག་ལྷོ་ཁའི་ཡུལ་སྐོར་གྱི་འབྲེལ་ཡོད་ཆ་འཕྲིན་ཕུན་སུམ་ཚོགས་སུ་གཏོང་ཆེད་ཀྲུང་གོའི་ཡུལ་སྐོར་གྱི་གཙོ་ཆེའི་དྲ་ཚུགས་ཀྱི་ལོ་ཐུའུ་ཡུལ་སྐོར་དྲ་བ་བརྒྱུད་ལྷོ་ཁའི་ཡུལ་སྐོར་གྱི་ཐོན་ཁུངས་ཕྱོགས་ཡོངས་དང་གནས་ཚད་མི་འདྲ་བའི་ཐོག་ནས་དྲིལ་བསྒྲགས་དང་ངོ་སྤྲོད་མུ་མཐུད་བྱ་རྒྱུ་དང་། ལྷོ་ཁའི་དྲ་བ་དང་། ལྷོ་ཁའི་ཡུལ་སྐོར་སྲིད་དོན་དྲ་བ། ལྷོ་ཁའི་ཡུལ་སྐོར་གྱི་སྤྱི་དམངས་འཕྲིན་ཕྲན། དྲ་ཚིགས། དཔོད་ཕྲན་སོགས་རང་ངོས་ཀྱི་སྨྱན་སྦྱོར་གང་ལེགས་སྤྱད་དེ་འབྲེལ་ཡོད་ཀྱི་ཡུལ་སྐོར་ཆ་འཕྲིན་དུས་ཐོག་ཏུ་བཀོད་ནས་མི་དེ་བས་མང་བས་ལྷོ་ཁའི་ཡུལ་སྐོར་གྱི་འགུལ་རྣམ་ཤེས་རྟོགས་དང་ཁོང་དུ་ཆུད་པ་བྱས་ཡོད།
འགྲིམ་འགྲུལ་སྨྱན་སྦྱོར་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ཞིང་། བོད་ཀྱི་སྟག་རིག་གནས་སྨྱན་སྦྱོར་ཚད་ཡོད་ཀུང་སི་དང་མཉམ་ལས་བྱས་ནས་རང་ལྗོངས་ཀྱི་ཡུལ་སྐོར་བ་བསྡུ་འགྲེམས་ཁུལ་ཆེ་ཤོས་ལྷ་སར་སྤྱི་སྤྱོད་རླངས་འཁོར་གྱི་འབྲེལ་གཏུག་བྱེད་ཁྱོན་ཆེ་བ་དང་ཡུལ་སྐོར་བ་ཁྱབ་ཚད་མང་བའི་སྒུལ་བདེའི་སྨྱན་སྦྱོར་གྱི་ནུས་པ་སྤྱད་དེ་ལྷོ་ཁའི་ཡུལ་སྐོར་དྲིལ་བསྒྲགས་ཀྱི་བརྡ་ཁྱབ་མུ་མཐུད་གཏོང་བ་དང་། བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་དཔལ་འབྱོར་འཕེལ་རྒྱས་ཚད་ཡོད་ཀུང་སི་དང་མུ་མཐུད་མཉམ་ལས་བྱས་ནས་ལྷོ་ཁའི་ཡུལ་སྐོར་དྲིལ་བསྒྲགས་པར་རིས་འཁོད་པའི་གནམ་གྲུར་འཛེགས་རྒྱུའི་བྱང་བུ་ཁྲི120བཟོ་རྒྱུ་རེད།